བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ཐེངས་དྲུག་པ་དབུ་འཛུགས།


ཁེ་ན་ཌར་གནས་སྡོད་བྱེད་མཁན་པདྨ་བཀོད་པའི་བོད་མི་ཁག་ཅིག་གིས་སྤྱི་ལེ་༤༥༠ ཙམ་ཡོད་པའི་ཁེ་ན་ཌའི་རྒྱལ་ས་ཨོ་ཌ་ཝ་ནས་ཀྲོ་རོན་ཀྲོ་བར་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ཐེངས་དྲུག་པ་དབུ་འཛུགས་གནང་འདུག

པར། Peace Rally Marathon For Tibet

ཕྱི་ལོ་༢༠༢༥ ཟླ་༩ ཚེས་༢༢ ཉིན། ཁེ་ན་ཌ་ཨོ་ཊ་ཝར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ལས་འགུལ་ཐེངས་དྲུག་པ་དབུ་འཛུགས་གནང་འདུག ཐེངས་འདིའི་ལས་འགུལ་ནང་པདྨ་ཀུན་དགའ་དང་བདེ་ཆེན་དབང་འདུས། སྐལ་ལྡན་དབང་ཕྱུག ཟླ་བ་ནོར་བུ་བཅས་མཉམ་ཞུགས་གནང་འདུག
ཁོང་རྣམས་ཀྱིས་རྒྱང་རྒྱུག་གི་ལས་འགུལ་དེ་བརྒྱུད་ནས་ཁེ་ན་ཌའི་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཛམ་གླིང་གི་སྣེ་གསུམ་པ་བོད་སྲུང་སྐྱོབ་བྱས་པ་ནི་སའི་གོ་ལ་འདི་སྲུང་སྐྱོབ་བྱས་པ་ཡིན་པའི་གོ་རྟོགས་སྤེལ་རྒྱུ་དང་། ཁྲིམས་འགལ་གྱིས་བཀག་ཉར་དང་མནར་གཅོད་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུ་རྒྱུ། ད་ལོ་༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དང་བསྟུན། བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས་ཡིན་འདུག
ལས་འགུལ་འགོ་འཛུགས་པའི་ཉིན་ཁོང་རྣམ་པས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་༼Garnett Genuis༽ དང་། སྐུ་ཞབས་༼James Maloney༽ དེ་བཞིན་སྐུ་ཞབས་༼Karim Bardeesy༽ བཅས་གསུམ་དང་མཇལ་འཕྲད་ཀྱིས་ལས་འགུལ་གྱི་དམིགས་ཡུལ་སོགས་ངོ་སྤྲོད་བྱས་ཡོད་འདུག་ལ། གྲོས་ཚོགས་འཐུས་མི་ཁོང་རྣམས་ཀྱིས་ཀྱང་བོད་དོན་ལ་རྒྱབ་སྐྱོར་དང་གོ་རྟོགས་མུ་མཐུད་སྤེལ་རྒྱུའི་ཁས་ལེན་གནང་ཡོད་འདུག
ཁོང་རྣམས་ཀྱིས་སྤྱི་ལེ་༤༥༠ ཙམ་ཡོད་པའི་ཁེ་ན་ཌའི་རྒྱལ་ས་ཨོ་ཌ་ཝ་ནས་ཀྲོ་རོན་ཀྲོ་བར་རྒྱང་རྒྱུག་གིས་ཕྱི་ཟླ་༩ ཚེས་༢༨ ཉིན་གྱི་ཕྱི་དྲོ། ཊོ་རོན་ཊོར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་དང་ལྷན་དུ་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༧༦ འཁོར་པའི་དུས་ཆེན་ལ་ཞི་བའི་ངོ་རྒོལ་བྱས་ནས་ལས་འགུལ་མཇུག་སྒྲིལ་རྒྱུ་ཡིན་འདུག ལས་འགུལ་དེ་ཐོག་མ་ཕྱི་ལོ་༢༠༢༠ ལོ་པདྨ་ཀུན་དགའ་ཡིས་འགོ་འཛུགས་གནང་ནས་ད་བར་ལས་འགུལ་ཐེངས་ལྔ་སྤེལ་ཟིན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།