ཆེད་བརྗོད།
ཨ་རིར་སྐྱབས་བཅོལ་དུ་སླེབས་པའི་རྒྱ་མི་ཕྱུག་བདག་ཀོ་ཝན་ཀུའེ་(Guo Wengui)ཕྱི་ཟླ་༣ ཚེས་༡༥ ཉིན་ཨ་རིའི་གཞུང་གིས་འཛིན་བཟུང་བྱས་ཡོད་ཅིང་། ཁོ་པས་ཨ་སྒོར་ཐེར་འབུམ་གཅིག་ལྷག་གིས་མི་མང་མགོ་སྐོར་སླུ་བྲིད་བྱས་པ་དང་། དངུལ་ཁང་དང་དྲྭ་རྒྱ་ལོག་སྤྱོད་བྱས་པ་སོགས་ཀྱི་ཉེས་འཛུགས་བྱས་ནས། རྒྱུ་ནོར་མང་པོ་ཞིག་ཀྱང་གཞུང་བཞེས་གཏོང་རྒྱུའི་གནས་ཚུལ་སྤེལ་འདུག སྤྱིར་རྒྱ་མི་ཞིག་ཨ་རི་ནས་འཛིན་བཟུང་བྱས་པ་ཙམ་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་ཞིག་མིན་ཡང་། ཀོ་ཝན་ཀུའེ་ནི་རྒྱ་མི་གཞན་དང་མི་འདྲ་བར་དགའ་ལྡན་ཕོ་བྲང་པ་ཆེན་པོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་འབྲེལ་འདྲིས་ཆེན་པོ་བྱུང་ཡོད་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་གདན་འདྲེན་ཞུས་ནས་རྒྱ་ནག་གི་གསང་བའི་མི་སྣ་དང་ཐུག་འཕྲད་གནང་ཡོད་པ་དང་། ༧གོང་ས་མཆོག་གི་ཕྱག་བྲིས་ཕྱག་བསྟར་མ་ཞི་ཅིན་ཕིན་ལ་སྐུར་ཡུལ་ཡང་ཁོ་པ་ཡིན་པར་བརྟེན་བོད་མི་རྣམས་ཀྱི་ངོས་ནས་བསམ་ན་བསྐྱར་དུ་ཞེད་སྣང་སྐྱེ་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད།
ཁོ་པ་ཨ་རིར་སྐྱབས་བཅོལ་དུ་སླེབས་པ་ནས་བཟུང་རྒྱ་ནག་གཞུང་གི་གསང་བ་མང་པོ་ཞིག་ཕྱིར་བསྒྲགས་བྱས་པ་དང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་སློབ་སྟོན་པ་དང་འབྲེལ་འདྲིས་ཆེན་པོ་བྱུང་ཡོད་པ་སོགས་དོ་སྣང་བྱེད་ཡུལ་གྱི་མི་སྣ་ཞིག་ཏུ་གྱུར་ཡོད། སྐབས་དེ་དག་ཏུ་ཁོ་པས་ཞི་ཅིན་ཕིན་དང་། ༧གོང་ས་མཆོག་གི་དབར་འབྲེལ་བ་མཐུད་མཁན་ཡིན་པ་དང་། དེའི་ཆེད་དུ་འགྲོ་སོང་སྒོར་མོ་དུང་ཕྱུར་གསུམ་བཏང་ཚུལ་སོགས་ཕྱིར་བསྒྲགས་བྱས་སོང་ལ། ༧གོང་ས་མཆོག་གི་ཕྱག་བྲིས་ཕྱག་བསྟར་མའང་ཕྱིར་བསྒྲགས་བྱས་སོང་། ད་དུང་ཁོ་པས་༧གོང་ས་མཆོག་གིས་ཕྱག་བྲིས་ཕྱག་བསྟར་མ་དེ་ཞི་ཅིན་ཕིན་ལ་སྤྲད་མེད་པར། ངོ་བཤུས་ཤིག་སྤྲད་པ་ཡིན་ཚུལ། ཉི་ཧོང་དུ་༧གོང་ས་མཆོག་དང་རྒྱ་ནག་གསང་བའི་མི་སྣ་ཐུག་འཕྲད་བྱས་པའི་བརྙན་པར་སོགས་ཕྱིར་བསྒྲགས་བྱས་ཡོད་པས། གནད་དོན་འདིའི་ཐོག་ནས་བསམ་བློ་བཏང་ན། ཁོས་བོད་དོན་ཚོང་རྫས་སུ་བརྩིས་ཏེ་མགོ་བདེ་དྲན་འཕྲུལ་གྱི་ཐོག་ནས་ཁེ་བཟང་མང་པོ་ཞིག་བླངས་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་ལྟ་བུར་གྱུར་ཡོད།
གནད་དོན་འདིའི་ཐོག་ནས་བསམ་བློ་བཏང་ན་ལྷ་ཆོས་སྐྱོང་སྲུང་མས་སྡོང་གྲོགས་དང་བོད་སྤྱི་མཐུན་གྱི་བསོད་ནམས་ལ་བརྟེན་ནས། སྐབས་དེར་༧གོང་ས་མཆོག་གི་སྐུ་ཕྱྭ་ལ་འགལ་རྐྱེན་མ་བྱུང་བ་ཞིག་ལས། མི་ཁྲམ་པ་འདི་འདྲ་ཞིག་གི་མཉམ་དུ་འབྲེལ་བ་བྱུང་བའི་བརྒྱུད་རིམ་ལ་བསྐྱར་དྲན་ཞིག་བྱས་ན་དངངས་འདར་རྒྱག་དགོས་པ་ཞིག་ཏུ་གྱུར་ཡོད། མ་འོངས་པར་གནད་དོན་འདི་རིགས་ལ་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་དྲུང་ཆེ་རྣམ་པས་ཧ་ཅང་གཟབ་ནན་གནང་མ་ཐུབ་ན། གནས་སྐབས་སྐྱབས་བཅོལ་བའི་འཚོ་བའི་དཀའ་ངལ་ལྟ་བུ་ཞིག་དང་བསྡུར་ཐབས་གཏན་ནས་མེད་པས། དགའ་ལྡན་ཕོ་བྲང་སྒེར་གྱི་བླ་བྲང་ཞིག་ཡིན་པ་དང་། དྲུང་ཆེ་རྣམ་པའང་སྐུ་སྒེར་གྱི་དྲུང་ཆེ་ཡིན་པས་སུ་གཅིག་ལ་བསམ་ཚུལ་ཤོད་རྒྱུའི་དབང་ཆ་མེད་པ་ལྟ་བུའི་ལྟ་ཚུལ་འཛིན་མི་རུང་བར། དུས་དང་རྣམ་པ་ཀུན་ཏུ་གཞིས་བྱེས་བོད་མི་ཡོངས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུར་གྱུར་པའི་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད། བོད་མི་ཡོངས་ལ་སེམས་ཁྲལ་བྱ་རྒྱུའི་འགན་ཁུར་དང་ཐོབ་ཐང་ཆ་ཚང་ཡོད་པ་ཞིག་ཏུ་གྱུར་ཡོད།
སྤྱིར་བོད་རྒྱའི་དཀའ་རྙོག་སེལ་བར་རྒྱ་མི་རིགས་དང་འབྲེལ་བ་དགོས་པ་འདི་ལ་རྒྱུ་མཚན་མེད་པ་མིན་ཡང་། རྒྱ་མི་རིགས་ནི་ཕལ་ཆེ་མགོ་བདེ་དྲན་འཕྲུལ་དང་རྒྱུ་ནོར་ལ་དགའ་མཁན། ལྷག་པར་དུ་རྒྱ་གཞུང་གིས་དུས་རྒྱུན་ཀླད་པ་བཀྲུས་ནས་རྒྱ་དམར་གཞུང་དང་། རྒྱ་མི་རིགས་ལ་ཞེན་ཁོག་ཆེན་པོ་འབའ་ཞིག་ཡིན་པས། མ་འོངས་པར་རྒྱ་རིགས་༧གོང་ས་མཆོག་མཇལ་ཁར་གཏོང་བ་དང་། འབྲེལ་བ་གནང་བའི་སྐབས་མི་རེ་རེ་བཞིན་རྒྱབ་ལྗོངས་དང་ལོ་རྒྱུས་ཚང་མ་མཁྱེན་པའི་ཐོག་ནས་གནང་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། དེའི་ཐོག་ལ་གཙོ་བོ་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་དྲུང་ཆེ་རྣམ་པས་འགན་ཁུར་ལེན་དགོས་པ་ཞིག་ཏུ་གྱུར་ཡོད། སྐབས་རེ་བོད་པ་ནང་ཁུལ་དུ་ཡིད་ཆེས་བློ་གཏད་བྱེད་མི་ཐུབ་ཀྱང་། རྒྱ་མི་ལ་ཡིད་ཆེས་བློས་གཏད་ཆེན་པོ་ཡོད་པའི་རྣམ་པ་དེ་བཙན་བྱོལ་སྤྱི་ཚོགས་ནང་མངོན་གསལ་དོད་པོ་ཡོད་པས། ཉིན་གཅིག་བོད་པ་ཡོངས་རྫོགས་ཀྱིས་བྲང་ཁོག་ལག་པས་རྡུང་དགོས་པའི་གནས་ཚུལ་ཞིག་བྱུང་རྗེས་ང་ལན་ཁོ་ལན་ཙམ་བཤད་ནས་ཕན་ཐོགས་གང་ཡང་མེད།
མདོར་ན་མ་འོངས་པར་བོད་མི་མཐོ་དམན་བར་གསུམ་སུ་ཡིན་ཡང་། རྒྱ་རིགས་ཀོ་ཝན་ཀུའེ་ལྟ་བུ་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་དོན་གཉེར་བྱེད་མཁན་དག་དང་འབྲེལ་བ་བྱེད་པའི་སྐབས་རྩ་དོན་དང་ལངས་ཕྱོགས་གསལ་པོ་འཛིན་མ་ཐུབ་པར། རྒྱུ་རིག་ན་རྒྱུ་མ་འགུལ་ཞེས་པའི་དཔེ་ལྟར་ཁོང་ཚོའི་འདོད་པ་སྒྲུབ་རྐྱང་བྱེད་མི་རུང་བར། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཁེ་ཕན་གཙོ་བོར་བཟུང་ན་གནས་སྐབས་གྲུབ་འབྲས་ཐོན་རྒྱུར་དུས་ཚོད་ཅུང་ཙམ་འགོར་ཡང་། ཕུགས་ལ་རེ་བ་ཆེན་པོ་ཡོད་པ་ཞིག་ཏུ་འགྱུར་རྒྱུ་དང་། ཆུང་ས་ནས་བཤད་ན་འགྱོད་པ་སྐྱེ་མི་དགོས་པ་ཞིག་ཏུ་འགྱུར་ཐུབ། རྒྱུ་མཚན་དེའི་ཐོག་ནས་བསམ་བློ་བཏང་ན་རྒྱ་རིགས་དང་འབྲེལ་བ་འཛིན་རྒྱུའི་ཐད་ནས་གཞུང་སྒེར་གཉིས་ངོས་ནས་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་དང་། ཆོས་སྲིད་གཉིས་ཐད་ནས་གནས་སྐབས་གྲུབ་འབྲས་ཆེན་པོ་ཞིག་ཐོན་རྒྱུ་ཡིན་མིན་དེ་ཡང་། སྒོར་མོ་དང་རྒྱུ་ནོར་གཅིག་པུའི་ཐོག་ནས་མ་ཡིན་པར་ཕྱོགས་ཡོངས་ནས་བསམ་ཞིབ་ཡང་དག་ཅིག་བྱེད་མ་ཐུབ་ན་ལྕགས་ཀྱུའི་ཁ་ཡི་ཤ་རྡོག་དང་གཅིག་མཚུངས་སུ་འགྱུར་རྒྱུའི་ཉེན་ཁ་འདུག།།