བོད་དོན་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་ཚོགས་འདུ་དབུ་འཛུགས་གནང་འདུག
ཟླ་འདིའི་ཚེས་༢༧ ཉིན་གྱི་སྔ་དྲོ་རྡ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་དབུ་འཛུགས་གནང་སོང་།
སྐབས་དེ་ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཐོག་མར་བོད་ཀྱི་ལོ་རྒྱུས་ཐོག་ཉམས་ཞིབ་པ་སློབ་དཔོན་མེ་ཀལ་ཝན་ཝལ་ཊ་པཱ་རག་ (Prof. Michael Van Walt Praag) ལགས་དང་། ལྕམ་སྐུ་མ་ཡེག་བྷོལ་ཊཡེ་སི་ (Miek Bolties) ་རྣམ་གཉིས་དང་། ཚོགས་འདུའི་ནང་མཉམ་ཞུགས་གནང་མཁན་བོད་མི་མང་སྤྱི་འཐུས་རྣམས་ལ་འཚམས་འདྲི་དང་སྦྲགས། ཨ་རིའི་རོགས་ཚོགས་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་ (NDI) དང་ང་ཚོ་ཕྱི་ལོ་ ༢༠༢༣ ཟླ་ ༡ པོའི་ནང་མཉམ་དུ་གོ་བསྡུར་རིམ་པ་བྱས་ནས་ལས་རིམ་དེ་གཏན་ཁེལ་བ་ཞིག་ཆགས་ཀྱི་ཡོད། རྩ་བའི་ཞུ་གཏུག་ཟེར་དུས། འགྲོ་བ་མིའི་ཐོབ་ཐང་དང་། ཆབ་སྲིད། དེ་ལས་གཞན་པའི་སྤྱི་ཚོགས་དང་འབྲེལ་བའི་གནས་སྟངས། གང་ཡིན་ནའང་ཞུ་གཏུག་བྱེད་ཆོག་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། ང་ཚོ་ཆབ་སྲིད་དང་འབྲེལ་བའི་ཞུ་གཏུག་བྱེད་དགོས་དུས། ནང་དོན་ཐོག་ལ་ཞུ་གཏུག་ཇི་ལྟར་བྱེད་དགོས་རེད་ཟེར་ན། གཅིག་ནས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནས་བབ་དེ་མཁྱེན་དགོས་པ་དང་། གཉིས་ནས་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ང་ཚོའི་སྲིད་བྱུས་དེ། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཆགས་ཀྱི་ཡོད།
དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་དོན་ཞུ་གཏུག་བྱེད་ཡོང་དུས། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་འབྲེལ་བ་ཡོད་པ། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གནས་སྟངས་ཐོག་ནས་འབྲེལ་བ་ཡོད་པ། དེ་འདྲའི་གནས་སྟངས་ཐོག་ནས་ང་ཚོས་ཞུ་གཏུག་བྱེད་སའི་ཡུལ་དེ་སེམས་འགུལ་ཐེབས་ཐུབ་པ་དང་། ཆབ་སྲིད་ཀྱི་སྲིད་བྱུས་དེ་ལའང་རྒྱབ་སྐྱོར་ཡོང་ཐུབ་རྒྱུའི་ནུས་པ་འདྲ་པོ་དེ་སླེབས་ཐུབ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། སློབ་དཔོན་མེ་ཀལ་ཝན་ཝལ་ཊ་པཱ་རག་ལྟ་བུར་མཚོན་ན། ཁོང་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཁག་གི་ནང་ལ་མཉམ་ཞུགས་གནང་ཡོད་པ་མ་ཟད། ཚོགས་ཆེན་གྱི་བསྒྲགས་གཏམ་དང་། ལག་བསྟར་འཆར་གཞི་སོགས་ཀྱི་ཟིན་བྲིས་གནང་མཁན་གཙོ་བོ་དེ་ཆགས་ཀྱི་ཡོད་པ་རེད། དེ་བཞིན་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བལྟས་པ་ཡིན་ནའང་། ཁོང་གིས་ཡུན་རིང་བོད་ཀྱི་ལོ་རྒྱུས་ཐོག་ཞིབ་འཇུག་གནང་ནས་བོད་ཀྱི་ལོ་རྒྱུས་འགྲེལ་བཤད་སྙིང་དོན་ (The Tibet Brief 20/20) ཞེས་པ་བརྩམས་གནང་ཡོད། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་དང་། ལྷག་པར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཡིག་ཆ་ཚང་མའི་ཐོག་ལ་མཁྱེན་རྟོགས་ཡོད་མཁན་ཞིག་ཆགས་ཀྱི་ཡོད། གཉིས་ནས་ང་ཚོས་ཞུ་གཏུག་བྱེད་དུས་ཐ་སྙད་བེད་སྤྱོད་གཏོང་སྟངས་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། གྲོས་ཚོགས་ནང་གླེང་སློང་བྱུང་བ་དང་། སྲིད་སྐྱོང་གིས་གསུངས་ཡོད་པ་རེད། ནམ་རྒྱུན་ (Tibet Issue) བེད་སྤྱོད་གཏོང་དུས། (Issue) ཟེར་དུས་ཨིན་ཇིའི་ཐོག་ནས་གནད་དོན་ཙམ་ལ་གོ་བ་ལེན་བཞིན་པ། དེའི་ཚབ་ལ་ (Tibet Conflict) ཞེས་བེད་སྤྱོད་བཏང་ན་སེམས་ནང་ཚོར་བ་ཤུགས་ཆེན་པོ་སྤྲོད་ཐུབ་པ། ཚོར་བ་སྤྲད་ཐུབ་པ་ཙམ་མ་ཟད། དེའི་རྒྱབ་ལྗོངས་ལ་ལོ་རྒྱུས་ཀྱི་གནས་བབ་སླེབས་ཐུབ་དགོས་པ། ང་ཚོའི་དགོས་དམིགས་དེ་ཡང་འདོན་ཐུབ་དགོས་པ། དེ་བཞིན་ང་ཚོ་བོད་ཀྱི་སྐད་ཡིག་ཐོག་ལ་ཡིན་ནའང་། ཐ་སྙད་བེད་སྤྱོད་གང་གཏོང་དགོས་པ་དེ་ཡང་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག གྲོས་ཚོགས་ནང་ལ་ཡིན་ནའང་། ཞི་མོལ་དང་། འབྲེལ་མོལ། གྲོས་མོལ་ལྟ་བུ་ཐ་སྙད་སྣ་ཚོགས་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། དེ་ལ་འགྲེལ་བཤད་རྒྱག་རྒྱུ་ཡོད་ཀྱང་། འགྲེལ་བཤད་བརྒྱབ་ཚར་དུས་མགོ་རྙོག་པོ་འདྲ་པོ་ཞིག་ཆགས་ཀྱི་འདུག དང་པོ་ནས་གོ་བརྡ་སྤྲོད་ཐུབ་རྒྱུའི་ཚིག་དེ་བསམ་བློ་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ཞུ་གཏུག་བྱེད་དུས་ཐ་སྙད་བེད་སྤྱོད་ཡང་དག་ཐོག་ནས་གཅིག་ནས་ཚོར་བ་སྤྲད་ཐུབ་དགོས་པ་མ་ཟད། གཉིས་ནས་གནས་བབ་མཚོན་ཐུབ་མཁན་གྱི་ཐ་སྙད་བེད་སྤྱོད་གཏོང་དགོས་པ་དེ་གལ་ཆེན་པོ་རེད་འདུག དམིགས་བསལ་ཚོགས་འདུ་འདིའི་ནང་དེ་ཚོའི་ཐོག་བགྲོ་གླེང་ཡོང་གི་རེད། ཁོང་རྣམ་པ་གཉིས་ཀྱི་གསུང་བཤད་དང་། བཀུར་འོས་སྤྱི་འཐུས་རྣམ་པའི་དགོངས་ཚུལ་རེད། དེ་ཚོའི་ཐོག་ནས་ང་ཚོའི་ཞུ་གཏུག་གི་གནས་བབ་དེ་ཚད་མཐོ་རུ་གཏོང་ཐུབ་རྒྱུ། རྩ་བའི་རྣམ་པ་ཚོས་མཁྱེན་གྱི་ཡོད་པ་རེད། ཡིན་ནའང་ཞུ་གཏུག་གི་ཐབས་ལམ་དེ་ཤེས་པ་ཡིན་ན། དུས་ཚོད་ཐུང་ཐུང་ནང་དཀའ་ཚེགས་མེད་པའི་ཐོག་ནས་གོ་བརྡ་སྤྲོད་ཐུབ་པ་ཞིག་ཡོང་གི་འདུག དེ་ཡིན་དུས་དེ་འདྲའི་ཐོག་ནས་རྣམ་པ་ཚོས་ཉིན་གྲངས་གསུམ་གྱི་རིང་མཉམ་ཞུགས་ཚགས་ཚུད་པོ་ཡག་པོ་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
སྔ་དྲོ་ཚོགས་ཐུན་དང་པོར། བོད་ཀྱི་ལོ་རྒྱུས་ཐོག་ཉམས་ཞིབ་པ་སློབ་དཔོན་མེ་ཀལ་ཝན་ཝལ་ཊ་པཱ་རག་ལགས་ཀྱིས་ “བོད་ཀྱི་རྒྱལ་སྤྱིའི་ཁྲིམས་མཐུན་གནས་བབ་ཀྱི་ནུས་པ་བེད་སྤྱད་ནས་བོད་དོན་ཞུ་གཏུག་གོང་མཐོར་གཏོང་ཐབས། ལོ་རྒྱུས་ཀྱི་གལ་གནད། བོད་ཀྱི་ལོ་རྒྱུས་ནས་ཤེས་དགོས་པའི་གལ་ཆེའི་གནད་དོན་ཁག ” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། སྤྱི་འཐུས་རྣམ་པའི་དྲི་བར་ལན་འདེབས་གསལ་བཤད། དེ་རྗེས་བོད་མི་མང་སྤྱི་འཐུས་རྣམ་པ་སྡེ་ཚན་ལྔར་ཆ་བགོས་ཀྱིས་ “ཞུ་གཏུག་གི་ལས་འགུལ་དང་འབྲེལ་བའི་ཐབས་ལམ་ཁག་ལག་བསྟར་བྱེད་ཕྱོགས།” ཞེས་པའི་ཐོག་བགྲོ་གླེང་དང་། དགོངས་ཚུལ་བརྗེ་ལེན་གནང་སོང་།གཞན་ཡང་ཚོགས་འདུའི་ཐོག་ “རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པར་ཕྱིར་བལྟ།” ཞེས་པའི་བརྗོད་གཞིའི་ཐོག་དགོངས་ཚུལ་དང་། བཀའ་བསྡུར་ལྷུགས་པོ་གནང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།

