བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་གྱུར་པས་༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་གནང་།

བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་(Dianne Feinstein) ལགས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་པས། ཕྱི་ཟླ་༠༩ཚེས་༣༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་གནང་ཡོད་པ་དང་།

གསུང་འཕྲིན་དེའི་ནང་དུ་ཁོང་མོས་སྐུ་ཚེ་ཧྲིལ་པོ་ཨ་རིའི་མི་མང་དང་། བྱེ་བྲག་ཏུ་ཀེ་ལོ་ཕྷོར་ནི་ཡའི་མངའ་སྡེ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བཅས་གནང་སྟེ་སྤྱི་ཚོགས་ཀྱི་ཞབས་ཞུ་བསྒྲུབས་གནང་བའི་སྐོར་དང་།
ཕྱི་ལོ་ ༡༩༧༨ ལོར་ཁོང་གི་སྐུ་ཟླ་ (Richard Blum) ལགས་ཀྱིས་ཁོང་མོ་རྡ་རམ་ས་ལར་མཉམ་འཁྲིད་གནང་སྐབས་མགོན་པོ་གང་དང་མཇལ་འཕྲད་བྱུང་བ་ནས་བཟུང་ཁོང་མོས་རྒྱབ་སྐྱོར་ཆ་ཚང་གནང་སྟེ། ཕྱི་ལོ་ ༡༩༧༩ ལོར་༧གོང་ས་མཆོག་ཨ་རིར་ཐོག་མར་ཕེབས་རྒྱུས་མཚོན་པའི་ཨ་རི་གཞུང་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ལས་གཞི་མང་པོའི་ནང་ཁོང་མོ་མཉམ་ཞུགས་གནང་ཡོད་པར་གསུངས་པ་དང་། སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་དང་ཁོང་མོ་གྲོགས་འདྲིས་ཡོད་པའི་རྐྱེན་གྱིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་མགོན་པོ་གང་གིས་མཚོན་པའི་ལྷག་བསམ་རྣམ་དག་གི་བརྡ་འཕྲིན་སྐྱེལ་རྒྱུའི་གོ་སྐབས་བྱུང་བས་ཕན་ཐོགས་ཆེན་པོ་བྱུང་བར་གསུངས་པ་མ་ཟད། ད་ལན་འདས་གྲོངས་སུ་ཕྱིན་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁོང་མོས་བོད་དོན་ལ་ལྷག་བསམ་ལྡན་པའི་ཐོག་རྒྱབ་སྐྱོར་དང་ཕན་གྲོགས་གནང་བར་བཀའ་དྲིན་རྗེས་དྲན་ཡང་གནང་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཀྱང་འདས་གྲོངས་སུ་ཕྱིན་པའི་ཁོང་མོར་མྱ་ངན་རྗེས་དྲན་དང་ཁོང་མོའི་ནང་མིར་ཐུགས་གསོ་ཞུས་འདུག


གསར་འགོད་པ་བསྟན་འཛིན་ལམ་བཟང་།