བོད་ནང་གི་སྐད་ཡིག་སྐོར་གྲོས་ཚོགས་སུ་གླེང་སློང་མང་པོ་བྱས་སོང་།
བོད་ནང་ད་ཆར་རྒྱའི་སྲིད་བྱུས་འདྲ་མིན་འོག་བོད་ཀྱི་སྐད་ཡིག་གསོན་གནས་ཐུབ་མིན་གྱི་གནས་སུ་སླེབས་ཡོད་པ་དང་། དེ་ལ་བརྟེན་ནས་ཁ་སང་གྲོས་ཚོགས་སུ་སྤྱི་འཐུས་འགའ་ཤས་ཀྱིས་བོད་ནང་སྐད་ཡིག་གི་གནས་འབབ་སྐོར་གླེང་སློང་མང་པོ་བྱས་སོང་།
ཕྱི་ཚེས་༡༩ ཉིན་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༦ ལས་ཉིན་དང་པོ། ཚོགས་ཐུན་དང་པོའི་སྐབས་སུ་སྤྱི་འཐུས་ཚོགས་གཙོས་དབུ་འབྱེད་གཏམ་བཤད་ནང་བོད་ནང་སྐད་ཡིག་སྐོར་བརྗོད་དོན་ལ། བོད་ཀྱི་ཆོས་དང་རིག་གཞུང་ལ་བརྟེན་ནས་སྔར་སོག་པོ་དང་། རྒྱ་ནག ད་ཆར་རྒྱལ་སྤྱིའི་ཚོགས་ཐོག་བོད་ཀྱི་ཆོས་དང་རིག་གཞུང་ལ་གུས་བཀུར་ཆེན་པོ་ཐོབ་ཡོད་པའི་རྐྱེན་གྱིས་བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་ལ་ཡང་ནུས་པ་ཆེན་པོ་ཐོན་གྱི་ཡོད་པ་ལས། ཆབ་སྲིད་ཁོ་ནས་བོད་ཀྱི་རྩ་དོན་ཐོག་ནུས་པ་ཐོན་རྒྱུ་ཁག་པོ་ཡིན་པར་བརྗོད་སོང་། དེ་བཞིན་ད་ཆར་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་དང་ཡི་གེ བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པ་དག་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པར་བརྗོད་སོང་། སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ཡིས་བརྗོད་དོན་ལ་བོད་ནང་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭ་ཟེར་ནས་མིང་བཏགས་ནས་བོད་ཀྱི་ན་གཞོན་རྣམས་བོད་རང་གི་ཆོས་དང་རིག་གཞུང་གི་ཞག་རྩི་ཡོད་པ་ཞིག་བཟོ་ཐབས་མ་ཡིན་པར། དེ་ལས་རྒྱ་མི་རིགས་ཀྱིས་རིག་གཞུང་དང་སྐད་ཡིག ལེགས་བྱང་སོགས་ཀྱི་ཞག་རྩི་ཡོད་པའི་ན་གཞོན་ཞིག་བཟོ་ཐབས་བྱེད་བཞིན་པ་དེ་ལ་རྒྱལ་སྤྱིའི་ཐོག་ནས་གནོད་ཤུགས་སྤྲད་ནས་མཚམས་འཇོག་ཡོང་ཐབས་བྱེད་དགོས་པ་ལས། གྲོས་ཆོད་གྲོས་འཆར་བཞག་པ་གཅིག་པུས་རྒྱ་གཞུང་གི་དམིགས་ཡུལ་ངན་པ་དང་། འཆར་གཞི་ངན་པ་དག་བཀག་འགོག་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པར་བརྗོད་གནང་སོང་ལ། བཙན་བྱོལ་རང་དབང་ལུང་པའི་ནང་ཆ་མཚོན་ན་བོད་སྐད་མི་ཤེས་མཁན་དང་། བོད་ཡིག་མི་ཤེས་མཁན། བོད་པའི་ཆོས་དང་རིག་གཞུང་སྐོར་ཆ་རྒྱུས་མེད་མཁན་མང་པོ་ཡོད་པ་ལས་ཉུང་ཉུང་རེད་མི་འདུག་ཅེས་བརྗོད་སོང་། དེ་ལ་ཕྱི་རྒྱལ་ཡུལ་གྲུ་གང་སར་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ཤུགས་སྣོན་བརྒྱབས་ནས་ན་གཞོན་རྣམས་ཀྱིས་བོད་སྐད་བོད་ཡིག་ཡག་པོ་ཞིག་ཤེས་པ་བཟོ་རྒྱུ་འགན་ཡོད་རེད་ཅེས་དང་། བུ་ཕྲུག་སོ་སོའི་ཕ་མ་རྣམས་ནས་རང་འགན་རང་ཁུར་བྱས་ནས་བོད་སྐད་བོད་ཡིག་ཡག་པོ་སློབ་རྒྱུ་ཧ་ཅང་གིས་གལ་ཆེ་རེད་མ་གཏོགས་། མ་འོངས་པར་གཞིས་བྱེས་གཉིས་འཛོམས་ཡོང་དུས་རང་དབང་ལུང་པའི་ནང་ཡོད་པའི་གཞོན་སྐྱེས་ཚོས་བོད་སྐད་བོད་ཡིག་མ་ཤེས་ནས་དེ་ལ་ལན་སུས་རྒྱག་གི་རེད་བརྗོད་སོང་།
སྤྱི་འཐུས་ཆོས་གྲགས་རྒྱ་མཚོས་བརྗོད་དོན་ལ་ད་ཆར་བོད་ནང་བོད་ཀྱི་ན་གཞོན་རང་ལོ་༡༨ ནས་༢༠ རྩ་གྲངས་ཡིན་པ་གཞོན་སྐྱེས་མང་པོ་ཞིག་བོད་ནས་རྒྱ་ནག་གི་བཟོ་གྲྭ་མང་པོ་ཞིག་ལ་བཏང་ནས་། གཞོན་སྐྱེས་རྣམས་བསམ་བློ་ནར་སོན་མེད་པའི་རྐྱེན་གྱིས་རྒྱ་རིགས་དང་འབྲེལ་བ་བྱུང་ནས་མི་རིགས་འདྲེས་འཇུག་གི་ཡོད་པ་དང་། དེ་བཞིན་བོད་པའི་བུ་ཕྲུག་མང་པོ་ཞིག་བཅའ་སྡོད་སློབ་གྲྭའི་ནང་བཅུག་ནས་ཕ་མ་དང་བུ་ཕྲུག་གཉིས་གཟའ་མཇུག་མ་གཏོགས་ཐུག་འཕྲད་བྱེད་འཇུག་གི་མེད་པ་ནི་མི་རིགས་རྩ་བརླག་གཏོང་འདོད་ཀྱི་སྲིད་བྱུས་ཁོ་ན་ཡིན་པར་བརྗོད་སོང་ལ། བུ་ཕྲུག་ལ་ཕ་མ་སྙིང་ཉེའི་བྱམས་སྐྱོང་མ་རག་ཚེ་མ་འོངས་སྤྱི་ཚོགས་ལ་ཕན་པའི་མི་ཞིག་ཡོང་རྒྱུར་ཁག་པོ་ཡིན་པ་དང་། རྒྱ་སྐད་རྒྱ་ཡིག་གཅིག་པུའི་ཁྲོད་འཚར་ལོངས་བྱུང་བའི་བོད་པའི་བུ་ཕྲུག་ཞིག་ཆ་མཚོན་ན་བོད་རང་གི་སྐད་དང་གོམས་གཤིས་མེད་པ། རྒྱ་སྐད་དང་རྒྱའི་གོམས་གཤིས་མེད་པ་ཆ་ཚང་ཞིག་མེད་མཁན་ཞིག་གིས་སྤྱི་ཚོགས་གང་ལ་ཡང་ཕན་ཐོགས་མཁན་ཞིག་ཡོད་རྒྱུ་ཁག་པོ་རེད་ཅེས་བརྗོད།
དེ་བཞིན་སྤྱི་འཐུས་པདྨ་མཚོས་བརྗོད་དོན་དེ་སྔོན་བོད་མདོ་སྨད་ཕྱོགས་ནས་ཡོང་བའི་ཤེས་ཡོན་པ་ཞིག་གིས་བརྗོད་དོན་ལ། ཕྱི་ཟླ་༩ ཚེས་༡ ནས་བོད་མདོ་སྨད་ཆ་ཚང་ནང་ཡོད་པའི་སློབ་གྲྭ་ཁག་ནང་བོད་ཡིག་མེད་པ་བཟོ་དགོས་པའི་བརྡ་ཁྱབ་བཏང་ཡོད་ཀྱང་། བརྡ་ཁྱབ་གྱི་ཡི་གེ་གཅིག་ཀྱང་ཕྱི་ལོགས་སུ་བཏང་མེད་པར་བརྗོད་ཡོད་འདུག་ལ། ད་ལྟའི་ཆར་སྲིད་བྱུས་དེ་དག་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན། རྒྱལ་སྤྱིའི་ཐོག་ཤུགས་སྣོན་བརྒྱབས་ནས་མཚམས་འཇོག་ཡོང་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བརྗོད་སོང་།
སྤྱི་འཐུས་ཨ་ཀྲོང་རིན་ཆེན་རྒྱ་མཚན་གྱིས་བརྗོད་དོན་ལ་བོད་མདོ་དབུས་སྟོད་སྨད་བར་གསུམ་ནང་བོད་ཀྱི་སྐད་ཡིག་གཅིག་པུ་གཅིག་པ་ཡིན་པ་ལས་གཞན་ཡུལ་ལུགས་གོམས་གཤིས་སོགས་མ་འདྲ་བ་ཡོད། འོན་ཀྱང་། སྐད་ཡིག་གཅིག་པ་ཡིན་པར་བརྟེན་ནས་ང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་ཡོང་ཐུབ་དགོས་པ་གལ་ཆེན་ཡིན་པ་དང་། བོད་ནང་ད་ཆར་སྐད་ཡིག་སྐོར་གླེང་སློང་བྱེད་མཁན་དྲ་ཐོག་ལ་མཁས་པ་དང་། ཤེས་ཡོན་པ། བསམ་བློ་བ་མང་པོ་ཞིག་ཐོན་ཡོང་གི་ཡོད་པ་དག་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཁོང་ཚོས་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་ཡོད་པའི་རྐྱེན་གྱིས་སྐད་ཡིག་སྐོར་གླེང་སློང་བྱེད་ཀྱི་ཡོད་རེད་ཅེས་བརྗོད་གནང་སོང་།
སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ཀྱིས་བརྗོད་དོན་ལ་བཅའ་སྡོད་སློབ་གྲྭ་ལས། རྒྱ་ནག་རང་ལ་བོད་ནང་ཡོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་རིག་པ་རྣོ་བ་རྣམས་འཁྲིད་རྒྱུའི་ལས་གཞི་ཞིག་སྤེལ་བཞིན་པ་དང་། ལས་གཞི་དེའི་འོག་ནས་བོད་ནང་ཡོད་པའི་བོད་ཕྲུག་མང་པོ་ཞིག་བོད་མི་རིགས་དང་རྒྱང་ཐག་རིང་དུ་བཏང་ནས་བོད་སྐད་བོད་ཡིག་མི་ཤེས་མཁན་མང་པོ་ཞིག་བཟོ་བཞིན་ཡོད་པ་རེད་ཅེས་བརྗོད་སོང་ལ། དེ་སྔོན་གཞི་རིམ་འཛིན་གྲྭ་༡༢ རྗེས་སུ་རྒྱ་ནག་ལ་ཁྲིད་ནས། དེའི་རྗེས་རྒྱ་ནག་གི་རྒྱ་མཚོའི་མཐའ་ནས་འཚར་ལོངས་བྱུང་བའི་བོད་པའི་ཤེས་ཡོན་པ་མང་པོ་ཞིག་ད་ལྟ་ངུས་ནས་མིག་ཆུ་ཤོར་ཡོད་པ་ཡང་བརྗོད། རྒྱུ་མཚན་ནི་ཁོང་ཚོ་ཆུང་དུས་ནས་བོད་ཡིག་བོད་སྐད་དང་རྒྱང་ཐག་རིང་པོ་བཟོས་ནས། ཐ་ན་ནང་མི་ཡང་རྒྱ་མི་ཆགས་སོང་ཟེར་ནས་ངུ་མཁན་ཡོད་པར་བརྗོད་སོང་། དེ་སྔོན་ཡིན་ན་བོད་ནས་འཛིན་གྲྭ་༡༢ རྗེས་སུ་འཁྲིད་ཀྱི་ཡོད་ཀྱང་། ད་ཆར་འཛིན་གྲྭ་ལྔ་པ་དང་དྲུག་པའི་རྗེས་ནས་བོད་ཕྲུག་དག་འཁྲིད་ཀྱི་ཡོད་པར་བརྟེན། ལས་གཞི་དེ་ཧ་ཅང་གིས་འཇིགས་སྣང་སྐྱེ་དགོས་པ་ཞིག་རེད་ཅེས་བརྗོད་སོང་།
སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ང་རང་ཆུང་ཆུང་ཡིན་པའི་སྐབས་དང་ད་ལྟའི་གནས་བབ་ལ་བསྡུར་བ་ཡིན་ན་ན་ང་ཚོའི་བཙན་བྱོལ་སྤྱི་ཚོགས་གནས་སྟངས་འགྱུར་བ་ཤུགས་ཆེན་པོ་ཕྱིན་ཚར་བ་རེད། ང་ཚོའི་དུས་ཚོད་ལ་དངོས་གནས་དྲང་གནས། བོད་ཡིག་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ཐོན་པ་ཡིན་ན་བོད་ཡིག་ཡི་གེ་ཆ་ཚང་བ་ཞིག་འབྲི་ཐུབ་ཀྱི་མ་རེད་ཟེར་བ་ཡིན་ན་ཕལ་ཆེར་ཡིན་སྲིད་འགྲོ། ང་ཚོ་འདི་བརྒྱུད་ནས་ཡོང་མཁན་གྲས་རེད། ད་ལྟའི་དུས་ཚོད་ལ་བཀའ་ཤག་སྐབས་བཅུ་གཉིས་པ་ནས་བྱས། སློབ་དཔོན་ཟམ་གདོང་རིན་པོ་ཆེས་སྐབས་དེ་དུས་ནས་དབུ་ཁྲིད་ཅིང་ཤེས་ཡོན་སྲིད་ཇུས་གཅིག་གི་འོག་ནས་ད་ལྟ་བོད་མིའི་གཞོན་སྐྱེས་ཚང་མ་བོད་ཡིག་ཚད་དང་ལྡན་པ། མཚམས་མཚམས་ཕ་མས་ཕྲུ་གུའི་རྩ་ནས་སྦྱོང་དགོས་པའི་གནས་སྟངས་ཤིག་བཟོས་ཤག་ཡོད་རེད་ཅེས་བརྗོད་སོང་།
གསར་འགོད་པ་བསོད་ནམས་ཕུན་ཚོགས།