བོད་ནང་དུ་བཞི་པའི་སུམ་ཅུའི་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་འདུག

བོད་ཀྱི་ཡིག་གཟུགས་ཉིན་མོ་དང་བསྟུན་ནས་པདྨ་གསེར་སྨྱུག་རྟགས་མའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་དང་པོའི་གཟེངས་བསྟོད་མཛད་སྒོ་ཆེན་མོ་ཁྲི་འདུ་གྲོང་ཁྱེར་དུ་འཚོགས་འདུག 

ཕྱི་ཟླ་༤ ཚེས་༣༠ ནི་བོད་ཀྱི་ཡིག་གཟུགས་ཀྱི་ཉིན་མོ་གཏན་འཁེལ་གནང་ཡོད་པ་བཞིན། དེ་རིང་བོད་ནང་དུ་པདྨ་གསེར་བྲིས་གླིང་། ཁམས་པའི་བརྙན་འཕྲིན་ཁང་། ཟི་ཁྲོན་ཞིང་ཆེན་ཐང་ག་དང་ཡིག་སྒྱུ་རྩལ་ཡར་སྐུལ་ལྷན་ཚོགས། ཀྲུང་འགོ་བོད་ཀྱི་ཡིག་གཟུགས་དྲྭ་བ་ཟེར་བ་བཅས་ནས་མཉམ་སྒྲུབ་ཀྱིས་ཡིག་གཟུགས་འགྲན་བསྡུར་གྱི་ལམ་ནས་བོད་ཀྱི་ཡིག་གཟུགས་ཀྱི་ཉིན་མོ་སྲུང་བརྩི་ཞུས་འདུག འགྲན་བསྡུར་གྱི་གྲུབ་འབྲས་ཁྱབ་བསྒྲགས་མ་བྱས་སྔོན་པདྨ་གསེར་བྲིས་གླིང་གིས་པར་རྩའི་མ་དཔེ་བྲིས་པ་བླ་བྲང་བྲིས་རྙིང་དཔང་ལོའི་ཕྱག་རྒྱུན་སོགས་བོད་ཀྱི་རྩིས་འཕྲུལ་ཡིག་གཟུགས་ཁག་དགུ་དབུ་འབྱེད་དང་འགྲེམས་སྤེལ་གནང་སོང་།
དེ་བཞིན་བོད་ཀྱི་ཡིག་གཟུགས་ཀྱི་སློབ་མ་མང་པོ་སྐྱོང་མཁན་དང་ཡིག་མཁན་རྒན་པ་གྲགས་ཅན་དང་། དེ་བཞིན་ཡིག་གཟུགས་ཀྱི་སློབ་གསོ་བས་མཚོན་ཕྲུ་གུའི་ཡིག་མཁན་སོགས་ལ།  རྫོགས་རིམ་གསུམ་པའི་ཡིག་མཁན་དང་། རྫོགས་རིམ་ཡིག་མཁན། སློབ་གསོའི་བྱ་དགའ། སློབ་གསོའི་སྡེ་ཁག་གི་བྱ་དགའ། ཀ་རིམ་ཡིག་མཁན་ལ་ཆེད་དུ་བྱ་དགའ་སོགས་གནང་སོང་།

ཐེངས་འདིའི་དཔྱད་འདེམས་པ་ནི་ལྷ་བྲིས་དང་བྲིས་པ་གྲགས་ཅན་བསྟན་འཛིན་རྒྱ་མཚོ། ལེགས་སྨོན། རྟ་མགྲིན་མགོན་པོ། བསྟན་འཛིན་བཅས་ཡིན་འདུག་ལ། སྐུ་མགྲོན་གཙོ་བོ་མཚོ་སྔོན་དགེ་འོས་སློབ་ཆེན་སློབ་གཙོ་རྒྱ་ཡེ་བཀྲ་བྷོ་སོགས་ཕེབས་འདུག སྐབས་དེར་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་ཀྱི་ལོ་རྒྱུས་དང་རྣམ་གྲངས། ཁྱད་ཆོས། དམ་པ་གོང་མའི་དྲིན་དྲན་དགོས་པ། དེ་བཞིན་བོད་ཀྱི་ནོར་བདག་ཚོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོག་ནུས་པ་འདོན་རྒྱུའི་རེ་བ་ཡོད་པའི་སྐོར་སོགས་གསུངས་སོང་།
གཞན་ཡང་བོད་ཀྱི་ཡིག་མཁན་རྒན་པ་གྲགས་ཅན་དབུས་ནས་ཕེབས་པའི་ཅོག་གྲྭ་ངག་དབང་བསྟན་འཛིན། ཨ་མདོ་རྔ་བ་ནས་ཕེབས་པའི་རས་ཆུང་ཤེས་རབ་རྒྱ་མཚོ།  ཁམས་ནང་ཆེན་ནས་ཕེབས་པའི་མི་ཕམ་རྣམ་རྒྱལ་བཅས་ལ་རྫོགས་རིམ་གསུམ་པའི་བྱ་དགའ་ཞེས་པ་ཕུལ་སོང་། 

ཐེངས་འདིའི་འགྲན་བསྡུར་ནང་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་༡༦༧༢ ཙམ་འབྱོར་ཡོད་འདུག་པ་དང་། དེའི་ནང་ནས་ཨང་དང་པོ་ནི་ལྷ་ས་མལ་གྲོ་གུང་དཀར་ནས་ཡིན་པའི་དོན་འགྲུབ་ནོར་བུ་ལགས་ཀྱིས་ས་སྐྱ་ལེགས་བཤད་བྲིས་པའི་འཁྱུག་ཡིག་གཅིག་ལ་ཐོབ་འདུག དེ་མིན་ཨང་རིམ་བརྒྱད་དང་ཕུལ་བྱུང་བརྩམས་ཆོས་སུམ་བཅུ་ལྷག་ལ་བྱ་དགའ་སྤྲད་སོང་། བོད་ཀྱི་ཡིག་གཟུགས་ཉིན་མོ་ནི་༢༠༡༧ ཟླ་༤ ཚེས་༡༥་ནས་༡༦ བར་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ། བོད་མདོ་དབུས་ཁམས་གསུམ་ནས་ཆོས་ལུགས་དང་སྐྱ་སེར་རིས་མེད་ཀྱི་ཡིག་མཁན་བ་དང་དགེ་སློབ་༡༣༠ མཉམ་འཛོམས་ཀྱིས། དབྱངས་དང་གསལ་བྱེད་མཚོན་པའི་ལོ་རེའི་ཕྱི་ཟླ་བཞི་པའི་ཚེས་སུམ་ཅུའི་དུས་ཆེན་གྱི་མིང་དང་ཟླ་ཚེས། དེ་བཞིན་ཚོགས་རྟགས་བཅས་ལ་འོས་ཤོག་འཕངས་ཏེ་མང་གཙོའི་ལམ་ནས་གཏན་འཁེལ་གནང་བ་ཞིག་ཡིན་འདུག
གཞན་ཡང་དེ་རིང་བོད་ནང་གི་མདོ་དབུས་སྟོད་སྨད་ཀྱི་ས་ཆ་མང་པོ་ཞིག་དང་ཕྱི་རྒྱལ་ཁག་ཏུ་བཞུགས་པའི་བོད་པ་ཚོས་ངོ་དེབ་ཐོག་བཅས་ནས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཞུ་བཞིན་འདུག །

གསར་འགོད་པ། བསྟན་འཛིན་ལམ་བཟང་།