བོད་ནང་རྒྱ་ནག་གི་མཁའ་དམག་དང་འབྲེལ་མོ་དྷིའི་གཞུང་ལ་དྲི་བ།
རྒྱ་གར་གྱི་ཀོང་གྷི་རེ་སི་ཆབ་སྲིད་ཚོགས་པས་སྲིད་བློན་མོ་དྷི་ལ་བོད་ནང་རྒྱ་ནག་གིས་མཁའ་དམག་གནམ་གྲུ་རྒྱ་བསྐྱེད་གཏོང་བཞིན་པའི་གནད་དོན་ཐད་དྲི་བ་བཀོད་འདུག
རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༥ ཉིན་རྒྱ་གར་གྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཀོང་གྷི་རེ་སི་ཡིས་སྤྱི་ཚོགས་དྲ་ལམ་ཊུ་ཊེར་བརྒྱུད། སྲིད་བློན་མོ་དྷི་ལ་བོད་ནང་རྒྱ་ནག་གཞུང་གིས་མཁའ་དམག་རྒྱ་བསྐྱེད་གཏོང་བཞིན་པའི་གནད་དོན་སྐོར་ལ་དྲི་བ་ཁག་ཅིག་བཏང་བའི་ནང་འཁོད་དོན། འབྲོག་ལམ་ཁུལ་གྱི་རྩོད་རྙོག་གི་རྗེས་སུ་ཡང་རྒྱ་ནག་གིས་ཁོང་ཁྲོ་སློང་གཞིའི་བྱ་སྤྱོད་རྣམས་མཚམས་འཇོག་མ་བྱས་པར་མུ་མཐུད་བོད་ནང་དུ་ཉེན་ཚབས་ཅན་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་ཀྱང་། མོ་དྷིའི་གཞུང་གིས་དེ་ལྟར་ངོས་འཛིན་མ་བྱས་པའི་རྒྱུ་མཚན་གང་རེད། མོ་དྷིའི་གཞུང་གིས་རྒྱུ་མཚན་ག་རེ་བྱས་ནས་དོན་དངོས་ཀྱི་གནས་ཚུལ་དེ་སོ་སོའི་རྒྱལ་ཁབ་ལ་སྟོན་གྱི་མེད་པ་རེད། རྒྱ་གར་བདེ་འཇགས་རེད་དམ་ཞེས་དྲི་བ་བཀོད་འདུག་པ་དང་། དེ་བཞིན་གལ་གནད་ཆེ་ཤོས་གཅིག་ལ་ལོ་ངོ་བཅུའི་གོང་གི་དགུན་དུས་སུ་བོད་ནང་དུ་རྒྱ་ནག་གི་མཁའ་དམག་སྦྱོང་བརྡར་མེད་ཀྱང་། ཉེ་བའི་ལོ་ཤས་ནས་བཟུང་ལོ་ལྟར་མཁའ་དམག་སྦྱོང་བརྡར་༤ ནས་༦ དང་། ༦ ནས་༨ བཅས་སྤར་ནས། ད་ལོའི་ཟླ་སྔོན་མའི་ནང་གཅིག་པུར་༤༧ ནས་༥༡ བར་གྱི་གྲངས་ཀར་སླེབས་ཡོད་པ་དང་། དེའི་རྒྱུ་མཚན་ག་རེ་ཡིན་མིན་ནི་དྲི་རྟགས་སུ་ལྷག་ཡོད་སྐོར་དང་། བོད་ནང་རྒྱ་ནག་གི་དམག་དཔུང་རྒྱ་བསྐྱེད་གཏོང་རྒྱུའི་ཚད་གཞི་དེ་ཉེན་ཚབས་ཅན་དུ་སླེབས་ཟིན་པ་མ་ཟད། སྔོན་དང་མི་འདྲ་བར་ད་ལྟ་ནམ་དུས་ཚང་མར་མཁའ་དམག་རྒྱ་བསྐྱེད་གཏོང་བཞིན་ཡོད་པ་དང་། དེ་ནི་འདས་པའི་གནས་སྟངས་དང་ཡོངས་སུ་ཁྱད་པར་སོང་བ་ཞིག་ཡིན་སྐོར་བཅས་བསྒྲགས་འདུག
སྔ་ལོར་རྒྱ་ནག་གིས་འབྲོག་ལམ་ཁུལ་དུ་ལམ་ཁ་འཛུགས་སྐྲུན་བྱེད་སྐབས། རྒྱ་གར་གྱིས་དཔུང་དམག་བཏང་ནས་བཀག་འགོག་བྱས་སྟབས། ཁུལ་དེར་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་བར་ཉིན་༧༣ རིང་གདོང་ཐུག་བྱུང་རྗེས། ཕྱོགས་གཉིས་ཀས་ཞི་འགྲིག་གི་ལམ་ནས་དམག་དཔུང་ཕྱིར་འཐེན་བྱས་ཡོད་ཅིང་། དེ་ནི་མོ་དྷིའི་སྲིད་གཞུང་གི་རྒྱལ་ཁ་ཞིག་ཏུ་གྲགས་ཀྱི་ཡོད་པ་རེད། འོན་ཀྱང་གནད་དོན་འདིའི་ཐོག་ཀོང་གྷི་རེ་སི་ཆབ་སྲིད་ཚོགས་པས། འབྲོག་ལམ་ཁུལ་གྱི་དཔུང་དམག་ཕྱིར་འཐེན་བྱས་པ་དེ་ནི་རྒྱ་ནག་གིས་རྒྱ་གར་མགོ་བསྐོར་བཏང་བ་ཞིག་ལས། དོན་ངོ་མར་བོད་ནང་རྒྱ་ནག་གིས་མཁའ་དམག་གི་རྟེན་གཞི་ཤུགས་ཆེ་རུ་བསྐྲུན་ཡོད་ཁར། འབྲས་ལྗོངས་ཀྱི་ས་ཁུལ་བར་དུ་མཁའ་དམག་རྒྱ་བསྐྱེད་བཏང་ཡོད་པ་དང་། བོད་ནང་འདས་པའི་བདུན་ཕྲག་གསུམ་ནང་མཁའ་དམག་གནམ་གྲུ་༥༡ ལ་ཉེ་བའི་བར་དུ་གྲངས་ཀ་མང་དུ་བཏང་ཡོད་པ། ལོ་སྔོན་མ་དང་བསྡུར་ན་མཁའ་དམག་གནམ་གྲུའི་མང་ཉུང་བརྒྱ་ཆ་༢༠ འཕར་ཡོད་པ་བཅས་ནི་རྒྱ་དཀར་ནག་གཉིས་བར་འབྲོག་ལམ་ཁུལ་གྱི་གདོང་ཐུག་གི་གནས་ཚུལ་ཞི་འཇམ་ཚར་རྗེས་སུ་བྱུང་བ་ཡིན་སྐོར་བརྗོད་དེ། མོ་དྷིའི་གཞུང་ལ་སྐྱོན་བརྗོད་བྱས་ཡོད་འདུག་པ་མ་ཟད། རྒྱ་ནག་གིས་བོད་ནང་མཁའ་དམག་གནམ་གྲུ་རྒྱ་བསྐྱེད་བྱས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་མེད་ཀྱི་དྲི་བ་ཡང་བཀོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
