བོད་པའི་གྱེན་ལོག
རྩོམ་པ་པོའི་ལོ་རྒྱུས།
ཡུང་ཆུང་ (དབྱིན་མིང་། Jung Chang རྒྱ་མིང་། 张戒) ནི་ 1952 ལོར་སི་ཁྲོན་ཞིང་ཆེན་གྱི་ཡི་པིན་(རྒྱ་སྐད། 宜宾 ) ཞེས་པར་སྐྱེས། མོ་ལོ་14 ལ་སོན་སྐབས་དུས་ཡུན་ཐུང་ངུ་ཞིག་གི་རིང་ལ་དམར་སྲུང་དམག་མི་བྱས། དེ་ནས་དབྱིན་ཡིག་སློབ་ཕྲུག་ཅིག་མ་ཆགས་བར་ཞིང་པ། རྐང་རྗེན་སྨན་པ། ལྕགས་བཟོ་བ། གློག་བཟོ་བ་སོགས་ཀྱི་ལས་ཀ་སྣ་ཚོགས་གཉེར། རྗེས་སུ་སི་ཁྲོན་སློབ་ཆེན་དུ་ལས་རོགས་སློབ་དཔོན་ཆགས། 1978 ལོར་དབྱིན་ཡུལ་ལ་ཡོང་། དེ་རྗེས་ཡོག་སློབ་ཆེན་གྱིས་མོར་སློབ་ཡོན་སྤྲད་ནས་མཐར་1982 ལོར་སློབ་ཆེན་དེ་ནས་སྐད་ཡིག་རིག་པའི་འབུམ་རམས་པའི་ལག་ཁྱེར་བླངས། མོ་ནི་དབྱིན་ཇིའི་སློབ་ཆེན་ཞིག་ནས་འབུམ་རམས་པའི་སློབ་སྦྱོང་ཐོན་པའི་རྒྱ་མི་ཐོག་མ་དེ་རེད། 1991 ལོར་རྟགས་མ་མང་པོ་ཐོབ་པའི་དཔེ་དེབ་‘ངང་རྒོད་ཀྱི་ཁྱུ་-རྒྱ་ནག་གི་བུ་མོ་གསུམ།’ (དབྱིན་ཡིག Wild Swans: Three Daughters of China) ཞེས་པ་དཔར་དུ་བསྐྲུན། མོའི་བཟའ་ཟླ་དང་མཉམ་དུ་བྲིས་པའི་ཤོག་ངོས་ 832 ཅན་གྱི་དཔེ་དེབ། ‘ མོའོ་ཡི་གསང་བའི་གཏམ་རྒྱུད།’ (དབྱིན། Mao: The Unknown Story) ཅེས་པ་དེ་ 2005 ལོར་དཔར་བསྐྲུན་བྱས། ད་དུང་དེབ་གཞན་འགའ་ཡང་བྲིས།།
སྒྱུར་མཁན་གྱི་གསལ་བཤད།
ནམ་རྒྱུན་དབྱིན་ཡིག་ཐོག་བྲིས་པའི་འཛམ་གླིང་ལོ་རྒྱུས་ཀྱི་དེབ་ཕྲེང་མང་པོའི་དཀར་ཆག་ལ་ལྟ་རྒྱུར་ཤིན་ཏུ་དགའ། ཚད་ལྡན་གྱི་དཔེ་དེབ་དེ་དག་གི་ནང་དུ་བོད་ཀྱི་ལོ་རྒྱུས་ཕར་ཞོག ཐ་ན་བོད་ཀྱི་མིང་ཙམ་ཡང་བཀོད་མེད་པ་མཐོང་དུས་སེམས་ལ་འགོག་མེད་ཀྱི་སྐྱོ་བ་རེ་རང་བཞིན་གྱིས་སྐྱེས་ཡོང་། ད་རེས་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ནང་ལ་བསྡད་ཡུན་རིང་ཡང་། འདི་དཔེ་ཀློག་གི་ཆ་རྐྱེན་ཞིག་ལ་བསམ་ནས་ཡུང་ཆུང་གིས་བྲིས་པའི་ཤོག་ངོས་ 832 ཅན་གྱི་ཤོག་ངོས་473 ནས་ 477 བར་ཤོག་གྲངས་ལྔ་ཡི་ནང་དུ་བོད་ཀྱི་ཉེ་རབས་ཀྱི་ཆབ་སྲིད་ཀྱི་ལོ་རྒྱུས་ཉུང་ངུ་ཞིག་བཀོད་འདུག་པ་འདི་ཟུར་འདོན་བྱས་པ་ཞིག་ཡིན། ལོ་རྒྱུས་འདི་ཤེས་རྒྱ་ཆེ་བ་རྣམས་ལ་རྙིང་པ་ཡིན་སྲིད་ན་ཡང་། བདག་འདྲ་བ་རེ་ཟུང་ལ་ཕན་རེ་ཡི་ཀུན་སློང་བཟང་པོས་བོད་སྒྱུར་ཞུས་པ་ཡིན། སྤྱི་འགྲོས་ལྟར་ཤོག་ངོས་རེ་རེའི་འདབས་ལ་མཆན་འགོད་བདེ་མིན་དབང་གིས་མིང་ཚིག་གི་རྗེས་ལ་[ ]རྟགས་འདི་ཡོད་པ་རྣམས་ལ་ཤོག་ངོས་བཅུ་པར་སྟབས་བདེའི་མཆན་རེ་བཀོད་ཡོད།།
བོད་པའི་གྱེན་ལོག
རྩོམ་པ་པོ། ཡུང་ཆུང་། སྒྱུར་བ་པོ། མི་ཉག་ཀུན་དགའ་བཀྲ་ཤིས།
(1950-61 ལོ་56-67)
མའོ་ཙེ་ཏུང་གིས་རྒྱ་ནག་ལ་དབང་སྒྱུར་བྱས་པ་ནས་བཟུང་། དམག་ཤུགས་སྤྱད་དེ་བོད་ཟ་བའི་ཆོད་སེམས་ཐོག་མ་ཉིད་ནས་ཡོད་པ་ཞིག་རེད། 1950 ལོའི་སྤྱི་ཟླ་ 1 པོའི་ཚེས་ 22 ཉིན་ཁོ་དང་སི་ཏ་ལིན་[1]རྣམ་གཉིས་ཐུག་སྐབས་ཁོས་སི་ཏ་ལིན་ལ་ད་ལྟ་རྒྱ་ནག་གི་དམག་མིས་བོད་ལ་རྒོལ་རྡུང་བྱེད་པར་གྲ་སྒྲིག་བྱེད་བཞིན་པར་ཨུ་རུ་སུའི་གནམ་དམག་གིས་མཁོ་སྤྲོད་སྐྱེལ་འདྲེན་བྱེད་ཐུབ་བམ་ཞེས་སྐད་ཆ་དྲིས། དེ་ལ་སི་ཏ་ལིན་གྱིས་བོད་ལ་དྲག་རྒོལ་བྱེད་པར་གྲ་སྒྲིག་བྱེད་པ་དེ་ཡག་པོ་རེད། བོད་མི་རྣམས་དབང་ཏུ་བསྡུ་དགོས་པ་རེད། སི་ཏ་ལིན་གྱིས་ད་དུང་རྒྱ་ནག་དང་ས་འབྲེལ་གྱི་བོད་རིགས་ཀྱི་ས་ཁུལ་ཁག་ཏུ་ཆུ་ལོག་བརྒྱབ་པ་ལྟར་རྒྱ་མི་མང་པོ་གནས་སྤོ་བྱེད་དགོས་པའི་ལམ་སྟོན་བྱས། དེའི་སྐབས་ཀྱི་ཤིན་ཅང་ནང་གི་རྒྱ་རིགས་ཀྱི་གྲངས་འབོར་དེ་ཤིན་ཅང་གི་སྤྱིའི་མི་འབོར་གྱི་བརྒྱ་ཆ་5 ཙམ་ལས་ཟིན་མེད་པ་དང་། ཁུལ་དེའི་རྒྱ་རིགས་ཀྱི་གྲངས་འབོར་དེ་ངེས་པར་དུ་བརྒྱ་ཆ་ 30 ཙམ་ལ་འཕར་ཐུབ་དགོས་པ་དང་། དོན་དངོས་སུ། རྒྱ་ནག་དང་ས་འབྲེལ་གྱི་ས་ཁུལ་ཡོངས་རྫོགས་ལ་རྒྱ་རིགས་ཕོན་ཆེན་གནས་བཅའ་འཇུག་དགོས་པར་བཤད། དེ་ནས་བཟུང་རྒྱ་ནག་གུང་ཁྲན་རིང་ལུགས་ཀྱིས་དེ་འདྲའི་ཆབ་སྲིད་ཀྱི་ཐབས་ཇུས་ཤིག་མགོ་འཛུགས་བྱས་པ་རེད།
1950-51 བར་དམར་ལུགས་དམག་མི་ 20,000 ཙམ་གྱིས་བོད་ལ་བཙན་རྒོལ་བྱས་ན་ཡང་། བོད་ས་ཡོངས་རྫོགས་བཙན་འཛུལ་བྱེད་པར་དམག་མི་འབོར་ཆེན་ཞིག་གྲ་སྒྲིག་བྱས་ནས་བཏང་མི་ཐུབ་པ་ཤེས་པ་དང་། དཔུང་དམག་ཧ་ཅང་ཆེན་པོ་ཞིག་བཏང་བར་འོས་ཤིང་འཚམས་པའི་འཁོར་ལམ་མེད་པ་དང་། དམག་མི་རྣམས་བོད་ཀྱི་སའི་མཐོ་ཚད་ལ་གོམས་འདྲིས་མེད་པའི་ཐོག་ནས་བོད་ཀྱི་དཔུང་དམག་དེ་འཐབ་རྒོལ་གྱི་གྲ་སྒྲིག་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་མོའོ་ཡིས་གྲོས་མོལ་གྱི་འཁྲབ་སྟོན་དེ་བཤམས་པ་རེད། ཁོས་དོ་དམ་གྱི་ས་གནས་རང་སྐྱོང་གི་དབང་ཚད་ངོས་ལེན་ཡོད་པའི་ཟོག་རྫུ་བྱས་པ་དང་། ཕྱོགས་སུ་མ་ལྷུང་བའི་མི་བཟང་པོ་ཡིན་མདོག་བསྟན་པ་རེད། ཁོས་ཏཱ་ལའི་བླ་མ་དེ་བོད་ཀྱི་ཆོས་དང་སྲིད་ཕྱོགས་ཀྱི་དབུ་ཁྲིད་དང་། བོད་ཀྱི་གཙོ་འཛིན་དེ་ཡིན་པའི་ངོས་འཛིན་དང་ཆ་འཇོག་བྱས་པ་རེད། ཏཱ་ལའི་བླ་མར་གློག་བརྙན་སྟོན་བྱེད་ཀྱི་འཕྲུལ་འཁོར་16mm[2] གློག་བརྙན་སྟོན་བྱེད་ཅིག་སྐྱེས་སུ་བསྐུར་བ་དང་། བོད་པའི་སྐུ་ཚབ་རྣམས་ལ་འགན་ཁུར་ལྡན་པའི་སྐད་ཆ་བཤད། དེ་དང་མཉམ་དུ་ཁོས་བོད་ལ་གཞུང་ལམ་གཉིས་འཛུགས་སྐྲུན་བྱེད་པར་ཚ་འདེད་བཏང་བ་རེད།
1954 ལོའི་ཟླ་བ་9པར། ལོ་ན་19ལ་སོན་པའི་ཏཱ་ལའི་བླ་མ་པེ་ཅིང་དུ་ཕེབས་ནས་མིང་ཙམ་གྱི་རྒྱལ་ཡོངས་ཚོགས་ཆེན་ལ་ཞུགས་པ་རེད། ཚོགས་ཐོག་དེ་རང་ལ་ཏཱ་ལའི་བླ་མ་ཁོང་ཚོགས་མི་ཞིག་ཏུ་བསྐོ་གཞག་བྱས་པ་རེད། ཁོང་པེ་ཅིང་དུ་ལོ་ཕྱེད་ཙམ་བཞུགས་ཡོད་པ་དང་། དེའི་རིང་ལ་མོའོ་ཡིས་ཁོང་ཉུང་མཐར་ཡང་ཐེངས་བཅུ་གཉིས་ཙམ་ལ་ཐུག་ཡོད་པ་རེད། དུས་ཚོད་དེ་ནི་ཁོང་ཕར་ཕྱོགས་ལ་འགུག་པ་དང་། ཁོང་གི་སེམས་ལ་འཁོན་འཛིན་དང་དོགས་པ་མེད་པ་བཟོ་བའི་འགྲུལ་བཞུད་ཅིག་རེད། མོའོ་ཡིས་ཏཱ་ལའི་བླ་མ་ཚན་རིག་ལ་དགའ་མོས་ཡོད་པའི་སྐོར་ལ་ཤེས་རྟོགས་བྱུང་། ཁོས་ཏཱ་ལའི་བླ་མར་“ང་དང་འདྲ་བར་ཁྱེད་ཀྱང་བཅོས་བསྒྱུར་ལ་དགའ་བའི་མི་ཞིག་རེད་”ཅེས་བཤད། “ང་ཚོའི་བར་ལ་མཐུན་ཆ་ཧ་ཅང་མང་པོ་ཞིག་འདུག” ཤེས་ཡོན་བཅོས་བསྒྱུར་ལུང་འདྲེན་བྱས་ནས། “དེ་ནི་མོོའོ་དང་འཕྲད་པའི་ཉེན་ཁ་དེ་རེད།”། “ཁོ་བཤད་པ་ཐམས་ཅད། ཕྱེད་བདེན། ཕྱེད་བདེན་རེད།”ཏཱ་ལའི་བླ་མས་ང་ཚོར་དེ་ལྟར་གསུངས་བྱུང་། ཡིན་ན་ཡང་། ཞི་འཇམ་དང་མཉམ་དུ། མོའོ་ཡིས་ཏཱ་ལའི་བླ་མར་རོགས་རམ་ཡང་བྱས་ལ་དབང་ཡོད་ཀྱང་བཤད། ཏཱ་ལའི་བླ་མས་ཆོས་དུག་ཡིན་པ་ངོས་ལེན་མ་གནང་བར་ཁོས་དེའི་ཐད་ལ་གཤེ་གཤེ་ཚ་ནན་བཏང་།
བོད་མི་དམངས་ལ་ཡང་དག་པའི་ཞབས་འདེགས་བསྒྲུབ་ཕྱིར། ཏཱ་ལའི་བླ་མས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིར་སྒྲིག་ཞུགས་བྱེད་པར་འབད་བརྩོན་གནང་ན་ཡང་། ཁོང་གི་སྙན་ཞུ་དེར་བཀག་སྡོམ་བྱས། མོའོ་ཁོང་ཁྲོ་མི་ལངས་བའི་ཕྱིར་དུ་ཏཱ་ལའི་བླ་མས་བསམ་ཤེས་གང་དྲག་བྱས། ལྷ་སར་ལོག་རྗེས་ཀྱི་དབྱར་ཁ་སྟེ་ 1955 ལོར་བོད་ཀྱི་མེ་ཏོག་ཅིག་དང་མཉམ་དུ་མོའོ་ལ་ཡི་གེ་ཞིག་བཏང་། དེ་ལ་མོའོ་ཡིས་ཚོར་བ་སྐྱེན་པའི་ཡིག་ལན་ཞིག་ཕྱིར་ལོག
བརྩེ་བའི་ཏ་ལའི་བླ་མ། ཁྱེད་རང་གི་ཡི་གེ་འདི་འབྱོར་བས་ང་རང་ཧ་ཅང་དགའ་སོང་། ངས་ཡང་ཡང་ཁྱོད་དྲན་བཞིན་ཡོད། ཁྱོད་པེ་ཅིང་ལ་ཡོད་སྐབས་ཀྱི་ང་ཚོའི་སྐྱིད་པའི་དུས་ཚོད་དེ་དག་དྲན་གྱི་འདུག ངས་ཡང་སྐྱར་ཁྱོད་དང་ག་དུས་ཐུག་ཐུབ་ཀྱི་རེད་དམ། ངས་ཁྱོད་རང་གིས་བཏང་བའི་བོད་ཀྱི་མེ་ཏོག་དེ་མཐོང་བས་ཧ་ཅང་དགའ་པོ་བྱུང་། ངས་འདི་ནས་ཁྱོད་ལ་མེ་ཏོག་ཅིག་སྐུར།
སྤྱི་ལོ་1956ལོའི་འགོ་སྟོད་དུ། བོད་དུ་ལམ་ཆེན་གཉིས་འཛུགས་བསྐྲུན་བྱས་ཚར་བ་དང་། མོའོ་ཡིས་བོད་ཀྱི་ས་ཁུལ་ཁག་དང་ཐག་ཉེར་ཆགས་ཤིང་བོད་པའི་མི་འབོར་ས་ཡ་ཕྱེད་ཙམ་གནས་ཡོད་པའི་ཁམས་ཀྱི་ས་ཁུལ་ཁག་ཏུ་དམག་འབྲུ་བསྡུ་ལེན་དང་། ཆོས་ལུགས་ལ་རྒོལ་རྡུང་། གོ་ལག་གཞུང་བཞེས་གཏོང་བའི་ལས་འགུལ་དེ་མགོ་བརྩམས་པར་མི་དམངས་ཀྱིས་གྱེན་ལོག་བྱས་པ་དང་། སྤྱི་ཟླ་༣པའི་མཇུག་ལ་དམག་དཀྱུས་ 60,000 དང་། མེ་མདའ་ 50,000 བསྡུ་རུབ་བྱས་ནས་དམག་གི་སྒྲིག་འཛུགས་ཤིག་བཙུགས་པ་རེད། བོད་མི་གྲངས་མང་ཡིན་པའི་ས་ཁུལ་གཞན་ཁག་ཏུ་རི་ལ་མེ་ཤོར་བ་ལྟར་གྱེན་ལོག་རྒྱ་ཁྱབ་ཏུ་སོང་། མོའོ་ཡི་ལག་ཏུ་ཡོང་ཚར་བའི་ས་ཆ་རྒྱ་ཆེན་པོ་མང་པོའི་ནང་ལ་ཡང་དམག་འཁྲུག་མང་པོ་ཞིག་ལངས་ཡོད་པར་བརྟེན། མོའོ་ཡིས་མེ་སྒྱོགས་དང་། གནམ་ཐོག་ནས་འབར་མདེལ་གྱི་རྒོལ་རྡུང་དྲག་པོར་བྱེད་པའི་ལས་འགུལ་ལག་བསྟར་བྱས་པ་རེད།
མོའོ་ཡི་བསམས་པར་ཁུལ་དེ་དག་གི་མི་དམངས་ཀྱིས་གྱེན་ལོག་ནང་གཞི་རྒྱ་ཆེ་བའི་མཉམ་ཞུགས་དང་། གྱེན་ལོག་པའི་འཐབ་འཛིང་རང་བཞིན་གྱི་སྟོབས་ཤུགས་འདི་འདྲ་ཡིན་ན། བོད་རང་ལ་འགོག་རྒོལ་ཅི་འདྲ་ཞིག་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་འཕར་མ་བྱུང་བ་རེད། སྤྱི་ཟླ་ 9 པར་མོོའོ་ཡིས་བོད་ཁུལ་དུ་ཁོ་རང་གི་ལྟ་གྲུབ་སྤེལ་བའི་འཆར་གཞི་དེ་ཕྱིར་འཐེན་བྱས་པ་རེད།
གང་ལྟར་ཡང་། ལོ་གཉིས་ཀྱི་རྗེས་ལ་སྟེ། 1958 ལོར་མཆོང་བསྐྱོད་ཆེན་མོ་[3]མགོ་བཙུགས་ནས་རྒྱལ་ཡོངས་ལ་ཟ་ཆས་བསྡུ་རུབ་བྱེད་པའི་ལས་འགུལ་ཤུགས་ཆེན་ཞིག་བརྩམས་པ་རེད། འདི་ལ་བརྟེན་ནས། བོད་རིགས་ཀྱི་མི་འབོར་ཆེ་གྲས་ཀྱི་མངའ་སྡེ་བཞི་སྟེ། ཀན་སུའུ། མཚོ་སྔོན། ཡུན་ནན། སི་ཁྲོད་བཅས་སུ་དྲག་པོའི་འགོག་རྒོལ་ལ་གདོང་ཐུག་བྱུང་བ་དང་། ས་གནས་དེ་དག་ཏུ་དྲག་པོའི་གྱེན་ལངས་བྱས་པ་དང་། མི་སྟོང་ཕྲག་མང་པོས་དེའི་ནང་ལ་ཆ་ཤས་བླངས་བ་རེད། བོད་རིགས་མང་པོ་ཞིག་ལ་སོ་སོའི་གོ་ལག་རྣམས་ཚུར་རག་པ་དང་། འབྲོག་པ་ཚོར་མཚོན་ན་གོ་ལག་ནི་ཁོ་ཚོའི་འཚོ་བའི་ནང་མེད་དུ་མི་རུང་བ་ཞིག་རེད། ཁོ་ཚོར་ད་དུང་རྟ་ཡོད་ལ། རྟས་གནས་སྤོ་བྱེད་པར་ཕན་བཏགས། དང་པོ་ཉིད་ནས་ཁོ་ཚོར་ཐ་དད་པའི་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག ཆོས་ལུགས་བཅས་ཡོད་པ་རེད། དེ་ཁོ་ཚོར་གསང་བའི་ཐོག་ནས་སྒྲིག་འཛུགས་བཟོ་བའི་མཐུན་རྐྱེན་དུ་གྱུར།
ཧྥ་རན་སིའི་ས་ཁྱོན་ལས་ཆེ་བའི་མཚོ་སྔོན་གྱི་མངའ་སྡེ་ཡོངས་སུ་ངོ་ལོག་ཟིང་འཁྲུག་གྱིས་ཁྱབ་པར་གྱུར། སྤྱི་ཟླ་ 6 པའི་ཚེས་ 24 ཉིན་མོའོ་ཡིས་དེ་བཙན་གནོན་བྱེད་དགོས་པར་འཕྲལ་མར་གྱི་བཀོད་པ་བཏང་བ་རེད། དུས་མཉམ་དུ། ཁོས་ཁོ་རང་གི་དམག་དཔུང་གི་འགོ་གཙོ་རྣམས་ལ་བོད་རང་ནང་གི་གྱེན་ལངས་ལ་ཕྱོགས་ཡོངས་ནས་རྒོལ་རྡུང་བྱེད་པར་གྲ་སྒྲིག་འཐུས་ཚང་བྱེད་དགོས་པར་བཤད། ཁོས་ནན་ཏན་གྱིས་བོད་ལ་དྲག་རྒོལ་དང་བཙིར་གནོན་གྱི་ཐབས་ལམ་སྤྱད་རྒྱུའི་འདོད་འདུན་ཡོད་པ་དེ་ཕྱི་གསལ་ནང་གསལ་བཟོས་པ་རེད། མོའོ་ཡིས་སྤྱི་ཟླ་ 1 པོའི་ཚེས་ 22 ལ་འདི་ལྟར་བྲིས། “བོད་ནང་གི་དཀའ་ངལ་དེ་ང་ཚོས་ཐག་གཅོད་མཐར་ཕྱིན་པ་ཞིག་བྱེད་པའི་སྔོན་ལ་བོད་ལ་སྤྱི་ཡོངས་ནས་ཐག་གཅོད་རང་བཞིན་ལྡན་པའི་དམག་འཁྲུག་ཅིག་ལངས་དགོས་པ་དེ་རེད། བོད་ཀྱི་དབང་སྒྱུར་བ་རྣམས་ལ་ད་ལྟའི་ཆར་གོ་ལག་ལྡན་ཞིང་སྙིང་སྟོབས་ཆེ་བའི་དྲག་དམག་ 10,000 ཡོད་པ་དང་། དེ་ཚོ་ནི་ང་ཚོའི་ཉེན་ཚབས་ཅན་གྱི་དགྲ་བོ་རེད། ཡིན་ན་ཡང་འདི་ཡག་རྟགས་ཤིག་རེད། གང་ལགས་ཟེར་ན། འདིས་ང་ཚོའི་དཀའ་ངལ་རྣམས་དམག་འཐབ་བརྒྱུད་ནས་སེལ་ཐུབ་པར་བཟོ་རྒྱུ་རེད།” མོོའོ་ཡིས། “ཁོ་ཚོས་ང་ལ་དམག་འཁྲུག་རྒྱབ་པར་ཁག་དཀྲི་བྱེད་ས་ཞིག་སྤྲད་སོང་།” ཞེས་བཤད། ཟླ་བ་གཅིག་གི་རྗེས་ལ་མོའོ་ཡིས། “ངོ་རྒོལ་གྱི་གྱེན་ལངས་ཅི་ཙམ་ཆེ་ཡང་དེ་ཙམ་གྱིས་བཟང་།” ཞེས་བྲིས།
སྤྱི་ལོ་ 1959 ལོའི་སྤྱི་ཟླ་3པའི་ཚེས་ 10 ཉིན། རྒྱ་མིས་ཏཱ་ལའི་བླ་མ་བཙན་ཁྲིད་བྱེད་པའི་གྲ་སྒྲིག་བྱས་པ་རེད་ཟེར་བའི་སྐད་ཆ་ཞིག་ཁྱབ་པའི་རྗེས་ལ། ལྷ་སར་གློ་བུར་དུ་ངོ་རྒོལ་གྱེན་ལངས་བྱུང་བ་དང་། མི་སྟོང་ཕྲག་མང་པོ་ཁོང་གི་ཕོ་བྲང་གི་མདུན་དང་ལྷ་ས་སོགས་སུ་རུ་བསྒྲིགས་ནས་ “རྒྱ་མི་ཕར་རྒྱུགས་ཤིག” ཟེར་བའི་འབོད་སྒྲ་བསྒྲགས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་རེད། ཕྱི་ཉིན་མོའོ་ཡིས་ཏར་འཕྲིན་ཞིག་བཏང་ནས་ཏཱ་ལའི་བླ་མ་བྲོས་སུ་འཇུག་དགོས་པའི་བཀོད་ཁྱབ་བཏང་བ་རེད། ཁོའི་འཆར་གཞི་ལ་གལ་སྲིད་ཏཱ་ལའི་བླ་མ་བསད་སོང་བ་ཡིན་ན། འཛམ་གླིང་གང་ས་དང་། ལྷག་པར་དུ་ནང་པའི་རྒྱལ་ཁབ་ཁག་དང་། མོའོ་ཡིས་ཁོ་རང་གི་ཕྱོགས་སུ་འགུག་ཐབས་བྱེད་བཞིན་པའི་རྒྱ་གར་སོགས་ལ་བསམ་ཚུལ་ཤུགས་ཆེན་པོ་སླེབས་རྒྱུ་བཅས་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་14ལྷ་ས་ནས་ཕྱིར་ཐོན་ཏེ་རྒྱ་གར་དུ་ཕེབས་པའི་མཚན་མོ་དང་། ཁོང་གི་འཛགས་ཐོན་གྲུབ་པའི་དངོས་དོན་ར་སྤྲོད་བྱུང་བ་དང་མོོའོ་ཡིས་ཁོང་གི་དམག་མི་ཚོར། “ཁྱོད་རང་ཚོས་ནུས་ཤུགས་ཡོངས་རྫོགས་བཏོན་ནས་ལྷ་སར་ཡོད་པའི་ང་ཚོའི་དགྲ་བོ་ཚང་མ་འཇུ་བཟུང་གྱིས། བྱས་ཙང་། ང་ཚོའི་དམག་དཔུང་ཨ་མ་དེ་དེར་བསླེབས་པ་དང་། ང་ཚོས་ཁོ་ཚོ་འཐའ་བསྐོར་ནས་ཤུལ་མེད་བཟོ་དགོས།” ཞེས་བཤད།
ཕྱི་ནས་བལྟས་ན། དཔུང་དམག་ཁོ་རང་ལ་དྲིལ་བསྒྲགས་ཀྱི་གླུ་གར་ཚོགས་པ་ཡོད། སྤྱི་ 4 པའི་ཚེས་ 7 ལ། མོའོ་ཡིས་བོད་ཀྱི་ཁྲིམས་ཀྱི་འགྲོ་སྟངས་སྐོར་ལ་འདྲི་རྩད་བྱས། ཁོ་ལ་དམིགས་བསལ་གྱི་ཤེས་རྟོགས་དགོས་པའི་གནས་ཚུལ་གཅིག་ནི་བོད་ཀྱི་དབང་སྒྱུར་གྲལ་རིམ་གྱི་ཁྲིམས་ཀྱི་ནང་དུ་མནར་གཅོད་བེད་སྤྱོད་བྱས་ཡོད་མེད། བཀའ་བརྩི་དང་ལེན་མི་བྱེད་པའི་བླ་མ་རྣམས་ཀྱི་ལུས་པགས་གསོན་བཤུ་བྱས་ཡོད་མེད། ཁོ་ཚོའི་ལུས་ཀྱི་རྒྱུས་པ་སོགས་ལ་གནོད་སྐྱོན་བཟོས་ཡོད་མེད་སོགས་རེད། སྤྱི་ཚེས་ 29 ཉིན་ལ། མོའོ་ཡི་བཀོད་བྱུས་བཞིན། ངར་ཤུགས་ཆེ་བའི་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་ཚ་ཚ་འུར་འུར་ངང་སྤེལ་མགོ་བཙུགས་པ་རེད། བོད་དེ་མོའོ་ཡིས་བཤད་པ་ལྟར། བོད་ཀྱི་རྒྱུན་ལྡན་གྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་མིག་འབྲས་སོགས་ཕྱི་ལ་ཕྱུངས་པ་སོགས་སྐྱུག་བྲོ་བའི་ཉེས་པ་བཀལ་བ་སོགས་བོད་དེ་ཆེས་གདུག་རྩུབ་ཅན་གྱི་ས་ཆ་ཞིག་དང་། དྲིལ་བསྒྲགས་དེ་དག་གི་རྒྱབ་རྟེན་དུ་ལོ་མང་ནས་བྱུང་བའི་མི་དམངས་ཀྱི་འཁོན་འཛིན་དང་སེམས་པའི་རྨ་ཁ་སོགས་སྤྱད། དེ་ལ་བརྟེན་ནས་དྲིལ་བསྒྲགས་ཀྱི་ཁ་ཕྱོགས་དེར་ནུས་པ་ཤུགས་ཆེན་ཐོན་པ་རེད། མི་མང་པོའི་སེམས་སུ་བོད་དེ་ཀླ་ཀློའམ་མུན་ནག་གི་ས་ཆ་ཞིག་ཡིན་པའི་ས་བོན་འདེབས་པར་ལམ་འགྲོ་རྒྱུ་སོང་བ་རེད།
སྤྱིར་ན་ཆོས་ལུགས་པས་དབང་བསྒྱུར་བའི་བོད་ཀྱི་སྲིད་ལུགས་ལ་ཚབས་ཆེ་བའི་ལོ་རྒྱུས་ཀྱི་ནག་ཐིག་ཡོད་པ་རེད། ཡིན་ན་ཡང་ཕྱོགས་ཡོངས་ཀྱི་བོད་ཀྱི་གདུག་རྩུབ་དང་མནར་གཅོད་ཀྱི་གནས་སྟངས་དང་བསྡུར་ན། མའོ་ཡི་དབང་སྒྱུར་དེ་ཆེས་གདུག་རྩུབ་ཆེ་བ་ཡོད་སོང་བ་རེད། དེ་ནི་ 1962 ལོར་བོད་ཀྱི་བླ་ཆེན་མཐོ་ཤོས་གཉིས་པ་པཎ་ཆེན་རིན་པོ་ཆེས་ཀྲུའུ་ཨེན་ལེ་[4]ལ་བྲིས་པའི་ཡིག་འབྲུ་ཁྲི་བདུན་གྱི་ཡི་གེའི་ནང་ལ་གསལ་ཡོད་རེད། དེའི་ནང་ལ་ 1959 ནས་ 1961 བར་བྱུང་བའི་གནས་ཚུལ་རྣམས་གསལ་འཁོད་བྱས་ཡོད་པ་དང་། ཡི་གེ་དེར་དམིགས་བསལ་གྱི་ལྗིད་ཚད་གཅིག་ཡོད་པ་ནི་པན་ཆེན་བླ་མས་དང་ཐོག་ནས་རྒྱ་དམག་བོད་ལ་ཡོང་བར་དགའ་བསུ་བྱས་ཡོད་པ་མ་ཟད། 1959 ལོའི་ལྷ་སའི་སྒེར་ལངས་ལ་དྲག་གནོན་བྱས་པར་མོས་མཐུན་ཡང་བྱས་ཡོད་པ་རེད། དེ་དང་། ཀྲུའུ་ཁོ་རང་གིས་ཡི་གེ་དེ་ཞིབ་ཚགས་པོ་དང་འཁྲུལ་བ་མེད་པའི་ངོས་འཛིན་བྱས་པ་རེད།
མོའོ་ཡིས་དམག་འབྲུ་བསྡུ་ལེན་གྱི་ཚད་གཞི་གཅིག་བོད་ཐོག་ལ་བཙན་འགེལ་བྱས་པ་དང་། དེ་ནི་བོད་ཀྱི་དཔལ་འབྱོར་རྒྱུན་སྲིང་གི་གནས་བབ་ཀྱི་ཚད་ལས་རྦད་དེ་བརྒལ་བ་རེད། པཎ་ཆེན་བླ་མས་འདི་ལྟར་བྲིས། ‘དུས་ཚོད་རྙིང་པའི་སྐབས་ལ་ཟ་བཅའི་རིགས་ཀྱིས་མི་འདང་བ་དེ་ཙམ་མེད། ལྟོགས་ཤི་ཐེབས་པ་ཡང་བྱུང་མྱོང་མེད།’ ཡིན་ན་ཡང་། 1959 དང་ 1960 བར་ལ། ‘འབྲུ་རིགས་ཚད་ལས་བརྒལ་བ་བསྡུ་ལེན་བྱས་པ་དང་། ཐ་ན་ཁྱིམ་ཚང་ནང་གི་མཆོད་རྫས་བླུག་སྣོད་ནང་གི་ཁ་ལག་དང་རྩམ་པ་སོགས་གཞུང་བཞེས་བཏང་བ་རེད་་་།’ དམག་འབྲུ་བསྡུ་ལེན་ནི་གདུག་རྩུབ་ཅན་ཞིག་རེད། ‘གསོག་འཇོག་བྱས་པའི་ཟས་རིགས། ཤ་དང་མར་སོགས་ཕལ་ཆེ་བ་གཞུང་བཞེས་བྱས་པ་དང་། མཆོད་མེ་འབར་བྱེད་ཀྱི་སྣུམ་དང་། ཐ་ན་མེ་ཤིང་ཡང་དེ་བཞིན་རེད་་་།’ ‘འཚོ་གནས་ཀྱི་ཆེད། འབྲོག་པ་ཚོས་སྒོ་ཟོག་མང་ཆེ་བ་ཟ་དགོས་ཐུག་པ་དང་་་།’ ‘མི་རྣམས་ཟ་ཁང་སྟབས་བདེ་དེ་འདྲའི་ནང་དུ་བདས་ནས་ཟས་སུ་རྩྭ་དང་། ཐ་ན་ཟ་མི་རུང་བའི་ཤིང་པགས། ཤིང་ལོ། རྩྭའི་རྩ་བ་དང་འབྲས་བུ་ཟ་རུ་བཅུག་པ་རེད།’ སྲོལ་རྒྱུན་དུ་སྒོ་ཟོག་ལ་སྤྲད་པའི་ཟས་རིགས་རྣམས་དེ་སྐབས་བཅུད་ཆེ་བའི་ཞིམ་ཟས་སུ་གྱུར།’ མི་རྣམས་ཀྱི་གཟུགས་གཞིའི་བདེ་ཐང་གི་གནས་སྟངས་གློ་བུར་དུ་ཉམས་མགོ་བཙུགས། ‘ཆམ་ནད་དང་འདྲ་བའི་འགོས་ནད་ཆུང་ཆུང་ཞིག་བྱུང་ནས་བོད་པ་ཕོན་ཆེན་པོ་ཤི་བ་དང་་་། མི་ཧ་ཅང་མང་པོ་ཞིག་་་་ཐད་ཀར་ལྟོགས་ཤི་ཐེབས་པ་རེད། མི་དམངས་འཆི་བའི་མྱུར་ཚད་དེ་འཇིགས་སུ་རུང་བ་ཞིག་རེད། བོད་ཀྱི་ལོ་རྒྱུས་ནང་དུ་དེ་ལྟ་བུའི་ཧ་ལས་དགོས་པའི་ལྟོགས་པའི་སྡུག་བསྔལ་ཞིག་བྱུང་མྱོང་མེད་པ་རེད།’
པཎ་ཆེན་བླ་མས་ཡི་གེ་དེ་འབྲི་བའི་སྐབས་ལ་བོད་ས་ཡོངས་རྫོགས་བསྐོར་བ་དང་། མཚོ་སྔོན་དུ་མི་རྣམས་ལ་ཐ་ན་ཁ་ཕོར་ཡང་མེད་པར་གྱུར་པ་ཤེས། ‘སྤྱི་ཚོགས་རྙིང་པའི་ནང་དུ་ཐ་ན་སློང་མཁན་ལ་ཡང་ཕོར་བ་ཡོད་ཡོད་པ་རེད།’ པཎ་ཆེན་བླ་མས་དབྱེ་ཞིབ་བྱས། ཅང་ཅེ་ཧྲུ་[5]ཁ་ཆེའི་དམག་དཔོན་ མའོ་པུའུ་ཧྥང་[6]ཀྱི་འོག་ལ། མཚོ་སྔོན་ཕྱོགས་ཀྱི་བོད་མི་རྣམས་‘ཕོར་བ་ཡང་ཉོ་ཐུབ་མེད་པའི་དབུལ་པོར་གྱུར་མེད།’ ཕྱིས་སུ། མི་རྣམས་ཟས་འཚོལ་བའི་ཕྱིར་དུ་ཐ་ན་བཙོན་ཁང་དང་ངལ་རྩོལ་ཁང་ཁག་ཏུ་ཡང་ནང་འཛུལ་བྱེད་པའི་ཐབས་ཤེས་བྱས་པ་རེད།
པན་ཆེན་བླ་མའི་ཕ་དང་ནང་མི་ཐེ་བའི་བོད་མིའི་གྲངས་འབོར་ཧ་ཅང་ཕོན་ཆེན་ཞིག་དྲག་པོའི་ཁ་རྡུང་ཚོགས་འདུ་ལ་བསྐོངས་བ་རེད། པན་ཆེན་བླ་མས། ‘མི་རྣམས་ཀྱི་མིག་དང་རྣ་བ། སྣ་དང་ཁ་ནས་ཁྲག་མ་ཐོན་བར་དང་། དྲན་པ་མ་འཐོར་བར། ཡང་ན་རྐང་ལག་མ་ཆག་བར་དུ་རྡུང་རྡེག་བཏང་བ་རེད། མང་པོ་ཞིག་འཕྲལ་མ་ཉིད་དུ་འདས་གྲོངས་སུ་གྱུར་པ་རེད།’ ཅེས་བྲིས། རང་ཤི་བརྒྱབ་པ་ནི་བོད་ནང་དུ་ཆེས་ཐོག་མའི་སྤྱིར་བཏང་གི་གནས་ཚུལ་ཞིག་ཏུ་གྱུར་པ་རེད།
བོད་པ་མང་པོ་ཞིག་མོའོ་ཡི་དབང་བསྡུས་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་སྒེར་ལངས་ཀྱི་ལས་འགུལ་ཀྱི་ཁོངས་སུ་ཞུགས་པར་བརྟེན། རྒྱ་མིའི་དཔུང་དམག་གིས་བོད་པ་མང་ཆེ་བ་དགྲ་རུ་ངོས་འཛིན་བྱས་པ་མ་ཟད། ས་གནས་མང་པོའི་སྐྱེས་པ་ཕལ་ཆེ་བ་བསྡུ་རུབ་བྱས་ནས། རྒྱབ་ཏུ་ ‘བུད་མེད། རྒན་འཁོགས། བྱིས་པ། ད་དུང་གཞོན་ནུ་དང་དར་མ་ཧ་ཅང་ཉུང་ངུ་ཞིག་’ ལས་བཞག་མེད་པ་རེད། མོའོ་ཤི་བའི་རྗེས་ལ། པཎ་ཆེན་བླ་མས་ཁོང་གི་ཡི་གེ་ཨ་མ་དེའི་ནང་ལ། ཧོན་ཐོར་དགོས་པ་ཞིག་ལ། བོད་མིའི་གྲངས་འབོར་གྱི་བརྒྱ་ཆ་ 15 ནས་ 20 བར་དང་། ཅིག་བྱས་ན་བོད་པའི་སྐྱེས་པ་སྤྱིའི་བརྒྱ་ཆ་ཕྱེད་ཀ་བཙོན་ཁང་དུ་བཅུག་པ་མ་ཟད། བཙོན་ཁང་ཁག་ཏུ་ངལ་རྩོལ་བྱས་ནས་འདས་གྲོངས་སུ་སོང་བ་རྣམས་བྲིས་ཕོད་མ་སོང་ཞེས་པའི་གསང་བ་ཕྱི་ལ་བཤད་པ་རེད། བླ་མ་དཔལ་ལྡན་རྒྱ་མཚོ་ནི་དཔའ་བློ་ཆེ་ཞིང་རྒྱུན་རིང་བཙོན་དུ་བསྡད་མྱོང་བའི་བཙོན་པ་ཞིག་རེད། ཁོས་ང་ཚོར་ཁོ་དང་བཙོན་པ་གཞན་རྣམས་ཀྱིས་ལྗིད་ཁོག་ཆེ་བའི་ཐོང་གཤོལ་འདྲུད་བའི་སྐབས་ལ་ཁོ་ཚོར་དར་སྐུད་ཀྱི་ལྕག་ཚན་གཞུས་བྱུང་ཟེར།
སྒེར་ལངས་པ་རྣམས་བཙིར་གནོན་བྱས་པ་དེས་རྒྱ་མིའི་དཔུང་དམག་གི་སྤྱོད་པ་ཧ་ཅང་གདུག་རྩུབ་ཅན་དུ་བསྒྱུར་བ་རེད། མོའོ་གྲོངས་རྗེས་པཎ་ཆེན་བླ་མས་ས་གནས་ཤིག་ཏུ་གཏམ་བཤད་བྱེད་སྐབས་ ‘མི་རོ་མང་པོ་རི་ལས་མར་དྲུད་ནས་ས་དོང་ཆེན་པོ་ཞིག་གི་ནང་དུ་སྦས། དེ་ནས་གཉེན་འབྲེལ་རྣམས་འབོད་འགུག་བྱས་ནས་ཁོང་ཚོར་’ “ ང་ཚོས་ངོ་ལོག་པའི་ཇག་ཚོགས་ཤུལ་མེད་བཟོས་ཚར། དེ་རིང་ནི་དགའ་སྟོན་གྱི་ཉིན་མོ་ཞིག་རེད། ང་ཚོ་ཚང་མས་ཕུང་པོའི་ས་དོང་འདིའི་ཐོག་ལ་བྲོ་འཁྲབ་’” དེ་འདྲ་བྱས་པ་རེད་ཅེས་བཤད།
སྡུག་སྦྱོང་མནར་གཅོད་དང་རིག་གཞུང་རྩ་གཏོར་གཉིས་ཆ་མཉམ་དུ་སོང་བ་རེད། དུས་སྐབས་འདི་ཡིས་གཞུང་འབྲེལ་གྱི་‘གཏོར་བརླག་ཆེན་མོ་’ཡི་ལས་འགུལ་གྱི་དཔང་པོ་བྱས་པ་རེད། དུས་རིམ་འདིའི་ནང་དུ་བོད་ཀྱི་ཡུལ་གོམས་གཤིས་ལུགས་དེ་དག་ ‘རྗེས་ལུས། ངན་པ། བེད་མེད།’ ཡིན་པར་བརྙས་ནས་དེ་དག་ལ་ཁྱོན་ཡོངས་ནས་རྒོལ་འཛིང་བྱས་པ་རེད། མོའོ་ཡི་འདོད་ཕྱོགས་ནི་བོད་པའི་འཚོ་བའི་སྙིང་པོར་གྱུར་པའི་ཆོས་ལུགས་དེ་རྩ་མེད་བཟོ་རྒྱུ་དེ་རེད། ཁོ་1954-1955 ནང་ལ་ཏཱ་ལི་བླ་མར་ཐུག་འཕྲད་བྱེད་སྐབས་བོད་ལ་གྲྭ་བ་མང་དྲགས་འདུག དེ་ནི་ངལ་རྩོལ་ནུས་སྟོབས་འཕེལ་སྐྱེད་གཏོང་བའི་གནོད་པ་རེད་ཅེས་བཤད། ད་ནི་བླ་མ་དང་བཙུན་མ་རྣམས་བཙན་ཤེད་ཀྱིས་སྐྱ་སར་ཕབ་པ་དང་གཉེན་སྒྲིག་ཀྱང་བྱེད་དུ་བཅུག་པ་རེད། པན་ཆེན་བླ་མས་ ‘རྩ་ཆེ་བའི་གསུང་རབ་དག་གི་ལུད་བཟོས་པ་དང་། སངས་རྒྱས་ཀྱི་ཐང་ག་དང་བཀའ་བསྟན་གྱི་ཆེད་དུ་མངགས་ནས་ལྷམ་བཟོས་པ་རེད།’ ཅེས་བྲིས། དེ་ལྟ་བུའི་གཏོར་བཤིག་ནི་‘ ཐ་ན་རིག་འཚོ་མ་ཟིན་པའི་མིས་ཀྱང་ཕལ་ཆེར་བྱེད་མི་སྲིད་པ་ཞིག་རེད།’ དགོན་པ་མང་ཆེ་བ་རྩ་གཏོར་བཏང་བ་དང་། ‘ཕྱོགས་མཐའ་ཐམས་ཅད་ད་ལྟ་རང་དམག་འཁྲུག་ཅིག་བྱུང་ནས་འབར་མདེལ་གྱི་རྒོལ་རྡུང་བྱས་པ་མིན་ནམ་སྙམ་པ་ལྟ་བུ་རེད།’ ཅེས་བཤད། པན་ཆེན་བླ་མར་གཞིགས་ན། 1959 ལོའི་སྔོན་ལ་བོད་ལ་དགོན་པ་ 2,500 ལྷག་ཡོད་པའི་གྲངས་འབོར་དེ་མར་ཟག་ནས་ 1961 ལོ་ལ་དགོན་པ་70ལྷག་མ་གཏོགས་མེད་པ་ཆགས་སོང་བ་དང་། གྲྭ་བ་དང་བཙུན་མའི་གྲངས་འབོར་ཡང་ 110,000 ནས་ 7,000 ལ་མར་ཆག་པ་རེད། (10,000) ཙམ་ཕྱི་རྒྱལ་ལ་བྲོས་སོང་བ་རེད།)
བོད་པ་ཚོར་དམིགས་བསལ་གྱི་བཟོད་དཀའ་བའི་བཀའ་རྒྱ་ཞིག་སླེབས་ཡོད་པ་ནི་གཤིན་པོའི་ཆེད་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་བཀག་སྡོམ་བྱས་པ་དེ་རེད། ‘མི་གཅིག་ཤི་བའི་སྐབས་ལ་’པཎ་ཆེན་བླ་མས་འདི་ལྟར་བྲིས། གལ་སྲིད་གཤིན་པོ་རྣམས་ཀྱི་བླ་སྲོག་བར་དོའི་གནས་ལས་གྲོལ་བའི་ཕྱིར་དུ་ཁོ་ཚོས་བསགས་པའི་སྡིག་པ་རྣམས་བཤགས་སྡོམ་བྱེད་པའི་ཆོ་ག་དེ་མེད་ན། དེ་ནི་ཆེས་གདུག་རྩུབ་ཅན་དང་། འདས་པོར་སྙིང་རྗེ་གཏན་ནས་མ་སྐྱེས་པའི་བྱེད་སྟངས་ཤིག་རེད། མི་ཚོས་སྔར་དེ་འདྲ་ཞིག་བཤད་ཡོད་རེད། ‘ང་ཚོ་ཤི་བ་ཕྱི་དྲགས་སོང་། ད་ལྟ་ང་ཚོ་འཆི་སྐབས། ང་ཚོའི་ཕུང་པོ་ཅི་དགར་སྒོའི་ཕྱི་ལ་གཡུག་ནས་ཁྱི་ནང་བཞིན་འཆི་རྒྱུ་དེ་རེད།’
པཎ་ཆེན་བླ་མ་ 1960 ལོའི་ནང་སྐོར་སྐྱོད་ལ་ཕེབས་པའི་སྐབས། བོད་པ་རྣམས་ལ་ཁོང་མཇལ་ཕྱིར་ཉེན་ཁ་ཆེན་པོ་འཕྲད་པ་རེད། ངུ་འབོད་བྱས་པ་དང་། མིག་ཆུ་བཏང་བ་སོགས་བྱས་ནས་ ‘ང་ཚོ་ལྟོགས་ཤི་ཐེབས་མ་འཇུག་རོགས། ནང་བསྟན་རྩ་མེད་བཟོ་མ་འཇུག་རོགས། གངས་ཅན་བོད་མི་རྣམས་རྩ་སྟོང་བཏང་མ་འཇུག་རོགས།’ མོའོ་པཎ་ཆེན་བླ་མའི་ཡི་གེར་ཁོང་ཁྲོ་ཧ་ཅང་ཆེན་པོ་ལངས་ནས་ཁོང་ལོ་10 ལ་བཙོན་ཁང་དུ་བཅུག་པ་སོགས མནར་གཅོད་མང་པོ་བཏང་བ་རེད།
མོའོ་ཡི་སྲིད་དབང་གིས་བོད་དང་། རྒྱ་ནག་སྤྱི་ཡོངས་ལ་སྔོན་ཆད་བྱུང་མ་མྱོང་བའི་སྡུག་བསྔལ་ཁུར་ཡོང་བ་རེད།།
མཆན། སི་ཏ་ལིན། – སྤྱི་ལོ་ 1878 ལ་གྷོ་རི་ལ་སྐྱེས། ད་ལྟ་ཡུ་རོབ་དང་ཨེ་ཤི་ཡའི་བར་དུ་ཆགས་པའི་རྗོར་རྗི་ཡའི་(དབྱིན། Georgia) གསར་བརྗེ་པ་ཞིག་དང་། སུའུ་ལེན་གྱི་ཆབ་སྲིད་པ་ཞིག་རེད། ཁོས་ 1920 ནས་ 1953 བར་ཨུ་རུ་སུ་མཉམ་འབྲེལ་གྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་། ཨུ་རུ་སུ་མཉམ་འབྲེལ་གྱི་གཙོ་འཛིན་བྱས་པ་རེད། ཁོ་སྤྱི་ལོ་ 1953 ལ་གྲོངས། དེ་དུས་ལོ་ 74 རེད་འདུག
16mm གློག་བརྙན་སྟོན་བྱེད། – 16mm གློག་བརྙན་གྱི་ཞེང་ཁ་ལ་ཟེར་བ་དང་། དེ་སྟོན་ནུས་པའི་འཕྲུལ་ཆས་རྙིང་པའི་གྲས་ཤིག་རེད། 1930 ཙམ་ནས་དར་ཁྱབ་བྱུང་། ད་ལྟར་གསར་པ་ཉོ་རྒྱུ་ཧ་ལམ་མེད།
མཆོང་བསྐྱོད་ཆེན་མོ། – མོའོ་ཡིས་མགོ་ཁྲིད་པའི་ 1954 ནས་ 1962 བར་བྱུང་བའི་རྒྱ་ནག་དམར་ཤོག་ཚོགས་པའི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་བཅོས་བསྒྱུར་བྱེད་པའི་ཆབ་སྲིད་ཀྱི་ལས་འགུལ་ཞིག་རེད།
ཀྲུའུ་ཨེན་ལེ། – སྤྱི་ལོ་ 1898 སྐྱེས། ཁོ་ནི་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་ཐོག་མ་དེ་རེད། 1949 ནས་ 1976 བར་མོའོ་ཡི་འོག་ལ་ལས་དོན་བསྒྲུབས་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་སྲ་བརྟན་བཏང་མཁན་གྱི་མི་སྣ་གཙོ་གྲས་ཤིག་རེད། ཕྱིས་སུ་རྒྱ་ནག་གི་ཕྱི་སྲིད་གཏན་འབེབས་དང་། དཔལ་འབྱོར་ལམ་ལུགས་བཟོས་ནས་མཐར་ 1976 ལོར་གྲོངས་པ་རེད། དེ་དུས་ལོ་ 77 རེད།
ཅང་ཅེ་ཧྲུ། – སྤྱི་ལོ་1887 ལོར་སྐྱེས། ཁོ་ནི་རྒྱ་མི་མི་རིགས་རིང་ལུགས་པ། ཆབ་སྲིད་པ། གསར་བརྗེ་པ་དང་དམག་དཔོན་བཅས་རེད། 1928 ནས་ 1949 བར་རྒྱ་ནག་གི་འགོ་ཁྲིད་བྱས་པ་དང་། དེ་ནས་ 1949 ནས་མ་ཤི་བར་ཏེ་ 1975 བར་ཐེ་ཝན་གྱི་འགོ་ཁྲིད་བྱས་པ་རེད། དེ་དུས་ཁོ་ལོ་ 87 རེད།
མྰ་པུའུ་ཧྥང་། – སྤྱི་ལོ་ 1903 ལ་སྐྱེས། ཁོ་ནི་གལ་འགངས་ཆེ་བའི་ཁ་ཆེའི་ཁྱིམ་རྒྱུད་ཀྱི་དམག་དཔོན་ཞིག་རེད། ཁོས་མཚོ་སྔོན་དབང་བསྒྱུར་བྱས་ནས 1937 ནས་ 1949 བར་ལས་དོན་བསྒྲུབས་པ་དང་། དམག་སྤྱི་གཞོན་པའི་འགན་ཁུར། ཁོས་གཞུང་གི་ཐད་ཀར་གྱི་སྟངས་འཛིན་འོག་ཡོད་པའི་བཟོ་ལས། ཤེས་ཡོན། སྨན་བཅོས། འཕྲོད་བསྟེན་དང་ཞིང་ལས་སོགས་ཀྱི་ལས་གཞི་བརྩམས་པ་རེད། 1949 དམག་ཕམ་ནས་བྲོས། ཁོ་ 1975 ལ་གྲོངས་པ་རེད། དེ་དུས་ལོ་ 71-72 རེད།