བོད་པའི་བུད་མེད་ཅིག་གིས་དངུལ་གྱི་རྟགས་མ་གཉིས་བླངས་འདུག
བོད་པའི་བུད་མེད་བསྟན་འཛིན་པདྨས། རྒྱལ་སྤྱིའི་དྲག་རྩལ་འགྲན་བསྡུར་སྡེ་ཚན་མི་འདྲ་བ་གཉིས་ནང་། རྒྱ་གར་གྱི་མིང་ཐོག་ནས་མཉམ་ཞུགས་ཀྱིས་དངུལ་གྱི་རྟགས་མ་གཉིས་བླངས་འདུག
དེ་ཡང་ཟླ་༣ པའི་ཚེས་༡༢ ནས་འགོ་བཙུགས་ཏེ་ཚེས་༢༢ བར་ཨེ་ཤི་ཡའི་རྒྱལ་ཁབ་ཐ་ལན་ཌེ་ནང་འཚོགས་བཞིན་པའི་རྒྱལ་སྤྱིའི་ཐ་ལན་ཌེའི་དྲག་རྩལ་འགྲན་བསྡུར་ཐེངས་གསུམ་པར། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནས་སྡོད་བྱེད་མཁན་བོད་པའི་བུད་མེད་དྲག་རྩལ་བ་བསྟན་འཛིན་པདྨས། རྒྱ་གར་གྱི་མིང་ཐོག་ནས་མཉམ་ཞུགས་བྱས་ཡོད་འདུག་པ་དང་། མོའི་ངོ་དེབ་ཐོག་ཏུ་གནས་ཚུལ་བཀོད་པ་ལྟར་ན། ཟླ་༣ པའི་ཚེས་༡༥ དང་༡༦ གཉིས་སུ་རིམ་པས། དྲག་རྩལ་འགྲན་བསྡུར་སྡེ་ཚན་མི་འདྲ་བ་གཉིས་ནང་ཨང་རིམ་གཉིས་པ་སོན་ཏེ་དངུལ་གྱི་གཟེངས་རྟགས་གཉིས་ཐོབ་ཡོད་པ་རེད་འདུག
བསྟན་འཛིན་པདྨ་ནི་དེ་སྔོན་རྒྱ་གར་གསར་ཤོག་ཅིག་གི་གསར་འགོད་པ་ཡིན་པ་དང་། ད་ལྟའི་ཆར་བཙན་བྱོལ་ནང་བུད་མེད་དྲག་རྩལ་བ་ཐོག་མ་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
