བོད་པའི་བུད་མེད་ཅིག་སྤྱི་ཚོགས་འགྱུར་བ་གཏོང་མཁན་ན་གཞོན་གསར་གཏོད་པ་གྲགས་ཤོས་སུམ་ཅུའི་ནང་ཚུད་འདུག
ཨ་རིའི་ནང་གི་དུས་དེབ་སྙན་གྲགས་ཆེ་གྲས་ཤིག་གིས། བོད་པའི་བུད་མེད་བསྟན་འཛིན་གསལ་སྒྲོན་ཨ་རིའི་ནང་སྤྱི་ཚོགས་ཚོང་ལས་ཁང་གསར་འཛུགས་བྱས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་སྤྲོད་མཁན་ཁྲོད་ལོ་ངོ་སུམ་ཅུ་མན་ཆོད་ཀྱི་མི་སྣ་གྲགས་ཤོས་སུམ་ཅུའི་ནང་དང་། དེ་བཞིན་དུས་ཚོད་རིང་པོར་སྤྱི་ཚོགས་ནང་ཤུགས་རྐྱེན་སྤྲོད་ཐུབ་པར་ཚོད་དཔག་བྱས་པའི་མི་སྣ་སུམ་ཅུའི་ནང་དུ་ཡང་མིང་བཏོན་འདུག
ཟླ་༡༡ པའི་ཚེས་༡༤ ཉིན་ཨ་རིའི་ནང་གི་དུས་དེབ་སྙན་གྲགས་ཆེ་གྲས་ཧྥོར་བྷེ་(Forbes)ཞེས་པས། ཨ་རིའི་ནང་ལོ་ངོ་སུམ་ཅུ་མན་ཆོད་ཀྱི་ན་གཞོན་ཚོས་གསར་གཏོད་ཀྱི་རང་བཞིན་ཐོག་ནས། སྤྱི་ཚོགས་ལ་འགྱུར་བ་གཏོང་མཁན་གྲགས་ཤོས་མི་སྣ་༦༠༠ ཡི་མིང་ཐོ་བཏོན་འདུག་པ་དང་། ན་གཞོན་དེ་དག་གསར་གཏོད་ཀྱི་ཚོང་ལས་སྡེ་ཚན་སྒྱུ་སྩལ་དང་གློག་ཆས། ཁ་ལག ཤེས་ཡོན། སྨན་བཅོས་ལྟ་སྐྱོང་། སྤྱི་ཚོགས་ཚོང་ལས་ཁང་སོགས་སྡེ་ཚན་མི་འདྲ་བ་༢༠ ཡི་ནང་ན་གཞོན་༣༠ རེའི་མིང་ཐོ་དང་ངོ་སྤྲད་བཏོན་འདུག དེ་བཞིན་དུས་དེབ་དེའི་ནང་བཏོན་པའི་མི་སྣ་༦༠༠ ཡི་ཁྲོད་དུ། དུས་ཚོད་རིང་པོ་རིང་སྤྱི་ཚོགས་ནང་ཤུགས་རྐྱེན་སྤྲོད་ཐུབ་པར་ཚོད་དཔག་བྱས་པའི་མི་སྣ་༣༠ ཡི་མིང་ཐོ་ལོགས་སུ་ཞིག་བཏོན་འདུག
བསྟན་འཛིན་གསལ་སྒྲོན་ནི་ཨ་རིའི་ནང་སྤྱི་ཚོགས་ཚོང་ལས་ཁང་གསར་འཛུགས་ཀྱིས། སྤྱི་ཚོགས་ལ་འགྱུར་བ་དང་ཤུགས་རྐྱེན་སྤྲོད་ཐུབ་མཁན་ན་གཞོན་ལོ་ངོ་སུམ་ཅུ་མན་ཆོད་ཀྱི་མི་སྣའི་ཐོ་གྲངས་ནང་ཚུད་འདུག་པ་མ་ཟད། དམིགས་བསལ་དུ་མི་སྣ་༦༠༠ དེ་དག་ནང་དུས་ཚོད་རིང་པོར་སྤྱི་ཚོགས་ནང་ཤུགས་རྐྱེན་སྤྲོད་ཐུབ་པར་ཚོད་དཔག་བྱས་པའི་མི་སྣ་སུམ་ཅུའི་ཐོ་གྲངས་ནང་དུ་ཡང་ཚུད་འདུག དེ་ཡང་མོ་དང་རོགས་པ་ཞིག་གིས་ཨ་རིའི་ནང་གི་གནས་སྤོ་བ་ཚོའི་ལས་ཀའི་སྩལ་ལ་ཞིབ་འཇུག་གིས་ལས་ཀ་སྤྲོད་མཁན་ཚོང་ལས་ཁང་དང་འབྲེལ་མཐུད་བྱེད་མཁན་ཚོང་ལས་ཁང་ཀེན་སེ་ཊེབ་(KINSTEP) ཞེས་པ་ཞིག་གསར་འཛུགས་བྱས་ནས། གནས་སྤོ་བོ་ཚོར་ལས་ཀ་འཚལ་རོགས་བྱེད་ཀྱི་ཡོད་པ་མ་ཟད། ལས་མི་ཚོར་གླ་ཆ་ཚད་དང་ལྡན་པ་མ་སྤྲད་པའི་ཐོག་ནས་བཀོལ་སྤྱོད་ལོག་པ་བྱེད་པའི་ལམ་ལུགས་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་པ་རེད་འདུག
བསྟན་འཛིན་གསལ་སྒྲོན་གྱིས་ངོ་དེབ་ཐོག་ཏུ། རང་ཉིད་སྙན་གྲགས་ཅན་གྱི་དུས་དེབ་དེའི་ནང་ལོ་ངོ་སུམ་ཅུ་མན་ཆོད་ཀྱི་མི་སྣའི་ཁོངས་འདེམས་སྒྲུག་བྱུང་བར་དགའ་སྤོབས་ཡོད་པ་དང་། ངོས་འཛིན་དང་ཆེ་མཐོང་དེ་འདྲ་ཐོབ་པ་ནི་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་བོད་མི་རྣམས་ཀྱི་རྒྱབ་སྐྱོར་གནང་བ་བཅས་ཀྱིས་བྱུང་བར་བཀའ་དྲིན་བསམ་ཤེས་ཞུ་རྒྱུ་ཡིན་ཞེས་བྲིས་འདུག་པ་དང་། མི་མང་པོ་ཞིག་གིས་མོ་ལ་དགའ་བསུ་ཞུ་བཞིན་འདུག
བསྟན་འཛིན་གསལ་སྒྲོན་ནི་རྒྱ་གར་ལ་སྐྱེས་པ་དང་རྗེས་སུ་ཨ་རིར་གནས་སྤོ་བྱས་ཏེ། ཨ་རི་དང་དབྱིན་ཡུལ་དུ་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་གཉིས་ནས་སློབ་ཐོན་བྱུང་རྗེས། གཞུང་འབྲེལ་མིན་པའི་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། དེ་རྗེས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཨེ་ཤི་ཡའི་ཁུལ་གྱི་ལས་ཁུངས་སུ་ལས་ཀ་བྱས་ཏེ། རྗེས་སུ་རོགས་པ་ཞིག་དང་མཉམ་དུ་སྤྱི་ཚོགས་ཚོང་ལས་ཁང་ཀིན་སེ་ཊེབ་ཅེས་པ་དེ་གསར་འཛུགས་བྱས་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།