བོད་པའི་བུད་མེད་ཚེ་རིང་མཚོ་རྒྱ་གཞུང་གི་ཉེན་རྟོག་པས་ཉེས་པ་འདྲ་མིན་གཡོགས་ཏེ་བཀག་ཉར་བྱས་ཡོད་འདུག

ཉེ་ཆར་བོད་པའི་བུད་མེད་ཚེ་རིང་མཚོ་ཞེས་པ་ལ་རྒྱ་གཞུང་གི་ཉེན་རྟོག་པས་དྲྭ་རྒྱའི་སྒྲིག་ལམ་དང་གྲོང་ཁྱེར་གྱི་བདེ་འཇགས་གཏོར་བཤིག་དང་བསྙད་བརྐོ་ཟིང་སློང་བྱས་པའི་ཉེས་མིང་གཡོགས་ཏེ་འཇུ་བཟུང་གིས་ཉིན་གྲངས་བཅོ་ལྔ་ཙམ་ལ་བཀག་ཉར་བྱས་ཡོད་འདུག་པ་དང་། ད་ཆར་རྒྱ་གཞུང་གི་ཉེན་རྟོག་པའི་དམ་བསྒྲགས་འོག་ཡོད་འདུག
གནས་ཚུལ་དེའི་ཐད་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་བོད་རང་སྐྱོང་ལྗོངས་སྦྲ་ཆེན་རྫོང་གི་ཉེན་རྟོག་ཁང་གིས་ཞིབ་བཤེར་ས་ཚིགས་ནས་ཚེ་རིང་མཚོ་དང་མོའི་རོགས་པ་ཞིག་གི་རླངས་འཁོར་ལ་ཞིབ་བཤེར་དང་འདྲི་རྩད་བྱེད་སྐབས། ཚེ་རིང་མཚོས་གཞོགས་འདེགས་མ་བྱས་པར་འགྲོ་སྐྱོད་བཀག་སྡོམ་བྱས་པ་དང་། མ་ཟད་ཚེ་རིང་མཚོས་གནད་དོན་དེར་འཁྱོག་བརྗོད་དང་རྫུན་བཟོ་བྱས་པའི་བརྙན་ཐུང་དག་སྤྱི་ཚོགས་དྲ་ལམ་དུ་བཏང་སྟེ་སྤྱི་མང་དང་དྲ་ལམ་གྱི་སྒྲིག་གཞིར་གཏོར་བརླག་བཏང་ཡོད་སྐོར་སོགས་བསྒྲགས་འདུག་པ་དང་།
དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གཙོས་པའི་བཙན་བྱོལ་བོད་ཀྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཉེ་ལམ་ཕྱི་ཟླ་ ༡༡ པའི་ཚེས་ ༡༡ ཉིན་ཚེ་རིང་མཚོའི་སྒེར་གྱི་སྐད་འཕྲིན་རྒྱབ་ངོས་སོགས་སུ་ཡུལ་ཤུལ་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ནས་བཏོན་པའི་ཡིག་ཆའི་ནང་དུ་“༢༠༢༣ ལོའི་ཟླ་ ༡༠ ཚེས་ ༨ ནས་ཚེས་ ༢༥ བར་ཚེ་རིང་མཚོས་སྒེར་གྱི་འཁྱུག་དབྱིངས་དྲྭ་ངོས་སུ་དོན་མེད་དུ་སྲིད་གཞུང་དང་ལས་བྱེད་པར་སྐྱོན་བརྗོད་དང་དམའ་འབེབས་སོགས་ཀྱི་བརྙན་རྫུན་བཟོ་བྱས་པ་བཅུ་བདུན་ཙམ་སྤེལ་བར་བརྟེན་བདེ་འཇགས་དོ་དམ་ཉེས་གཅོད་བཅའ་ཁྲིམས་ཀྱི་དོན་ ༢༦ པའི་ནང་གསེས་ ༤ ལྟར་ ༢༠༢༣ ལོའི་ཟླ་ ༡༠ ཚེས་ ༢༦ ནས་ཟླ་ ༡༡ ཚེས་ ༡༠ བར་སྲིད་འཛིན་བཀག་ཉར་བྱས་པ་ཡིན།”བཅས་བཀོད་ཡོད་འདུག ཕྱི་ཟླ་ ༡༠ པའི་ཚེས་ ༡༦ ཉིན་ཁོང་མོས་སྤེལ་བའི་བརྙན་ཐུང་ནང་དུ་ཕ་ཡུལ་གྱི་དཔོན་པོ་ཚོས་དབང་ཆ་སྒེར་གཅོད་བྱས་ཏེ་སློབ་སྦྱོང་ཅན་གྱིས་སོ་སོའི་ཕུགས་འདུན་ལྟར་བྱ་གཞག་སྒྲུབ་འཇུག་གི་མེད་པ་དང་། ཚོང་ལས་འཛུགས་སྐྲུན་ཞིག་བྱེད་འདོད་ཀྱང་ཁོང་ཚོས་ཡར་ལངས་མེད་པ་བཟོ་གི་ཡོད་ཚུལ་སོགས་བཤད་འདུག་པ་དང་། དེ་བཞིན“ང་ཚོས་གནད་དོན་འདི་ཇི་ལྟར་གདོང་ལེན་བྱེད་དགོས་རེད་ལབ་ན། ཁོ་ཚོས་ས་བདག་རིང་ལུགས་དང་སྒེར་གཅོད་དཔོན་པོའི་བསམ་བློ་དེ་ལ་འཐབ་དགོས། དཔོན་པོ་ཆགས་རྗེས་རང་གི་ཟླ་ཕོགས་བླངས་ནས་ཁུ་སིམ་མེར་ལས་དོན་སྒྲུབ་རོགས། ང་ཚོ་རྟག་པར་གྱོང་ཁུར་ནས་འདུག་མཁན་དེ་འདྲ་མིན། གལ་ཏེ་ཡིན་གཅིག་ཁྲིམས་འགལ་གྱི་བྱ་བ་དེ་དག་བསྒྲུབ་དགོས་ན་ང་ཚོ་ཁྲིམས་ཁང་ནས་ཐུག ཐབས་གཞན་གང་ཡང་མི་འདུག རྒྱལ་ཁབ་ཀྱིས་ཀྱང་ཁྲིམས་འགལ་དེ་རིགས་དག་ཐེར་བྱེད་བཞིན་ཡོད་རེད་”སོགས་བརྗོད་འདུག གཞན་ཡང་ཁོང་མོས་ཡུལ་ཤུལ་དང་བོད་ཁུལ་ལ་རྒྱ་གཞུང་གི་ཉེན་རྟོག་པ་དང་རྒྱའི་དཔོན་རིགས་དང་ལས་བྱེད་ཚོས་མེ་འཁོར་འབབ་ཚུགས་སོགས་སུ་རྒྱ་རིགས་ཀྱི་ཐོབ་ཐང་དཔང་ཡིག་ཡོད་མཁན་ཚོར་ཐོ་འགོད་བྱེད་བཅུག་སྟེ་འགྲིམ་འགྲུལ་ལ་བཀག་འགོག་མེད་པ་དང་། བོད་རིགས་ཚོར་ཐོ་འགོད་སོགས་མ་བཅུག་པར་བཀག་འགོག་བྱས་པས་མཚོན་མི་རིགས་དབྱེ་འབྱེད་དང་དབང་ཆ་སྒེར་གཅོད་བྱེད་ཀྱི་ཡོད་པའི་སྐོར་བརྙན་ལམ་ནས་ཐེར་འདོན་རིམ་པ་བྱས་འདུག ཚེ་རིང་མཚོ་ནི་ལོ་༣༩ སོན་ཞིང་བོད་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྗོང་ནས་ཡིན་འདུག་པ་དང་ད་ལྟའི་ཆར་སྐྱེ་དགུ་མདོ་རུ་གནས་སྡོད་གནང་གི་ཡོད་འདུག ཁོང་མོས་དུས་རྒྱུན་བོད་ལྗོངས་འཛམ་གླིང་ཡུལ་སྐོར་ཀུང་ཟི་ཞེས་པར་ཡུལ་སྐོར་ལས་རིགས་གཉེར་བཞིན་ཡོད་པ་དང་ལྷ་ས་དང་མངའ་རིས་སོགས་བོད་ཁུལ་དང་དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡུལ་སྐོར་འགྲིམ་འགྲུལ་གོ་སྒྲིག་ཞུ་བཞིན་ཡོད་འདུག་ལ། ཉེ་ལམ་འཇུ་བཟུང་བཀག་ཆར་བྱས་པ་དེ་ནི་ཚེ་རིང་མཚོ་ལགས་འཇུ་བཟུང་བཀག་ཉར་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་ཐེངས་གཉིས་པ་དེ་ཡིན་པར་བོད་ཀྱི་འགྲོ་བ་མིའི་ཐོང་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བརྗོད་འདུག ཁོང་མོ་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༡ པའི་ནང་དུའང་དྲྭ་ལམ་དུ་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ཉེས་མིང་འོག་ཟི་ལིང་གྲོང་ཁྱེར་ནས་འཇུ་བཟུང་བྱས་རྗེས་ཁྲི་ཀ་རྫོང་དུ་ཉིན་༡༠ ཙམ་བཀག་ཉར་ཁང་དུ་བཅུག་པ་དང་།རྒྱ་སྒོར་ ༡༠༠༠ གི་དངུལ་ཆད་བཅད་དེ་ནང་མིར་དཀལ་ངལ་སྤྲད་པ་སོགས་བྱས་འདུག གཞན་ཡང་ཕྱི་ལོ་ ༢༠༡༧ ལོར་ཚེ་རིང་མཚོས་ཡུལ་ཤུལ་ཁུལ་གྱི་ས་གནས་བོད་མི་ཚོར་རྒྱ་ནག་གཞུང་གིས་ཕྱི་བསྐྱོད་ལག་ཁྱེར་སྤྲོད་དགོས་ཞེས་ཁྲིམས་ལུགས་གཞིར་བཟུང་འབོད་སྐུལ་བྱེད་སྐབས། ཡུལ་ཤུལ་ཉེན་རྟོག་པས་ཁོང་མོར་ཉེས་རྡུང་བཏང་བ་དང་དྲང་བདེན་མིན་པའི་ཐག་གཅོད་བྱས་ཡོད་འདུག་པ་དང་། སྐབས་དེར་ཚེ་རིང་མཚོས་ཁོང་མོར་སྔོན་ཆད་དེ་ལྟ་བུའི་དཀའ་ངལ་སྤྲད་མྱོང་བས་ད་ལྟ་ཡང་ལྐོག་གསོད་བྱས་པ་སོགས་བྱུང་ཚེ་ཁོང་མོར་དྲང་བདེན་སྐྱོང་རོགས་ཞེས་འབོད་སྐུལ་གྱི་ཡིག་ཆ་དྲ་ཐོག་ཏུ་སྤེལ་མྱོང་ཡོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་དེའི་ཐད་ལ། “དྲང་བདེན་འཐབ་རྩོད་བྱས་པར་སྔ་གཞུག་བར་གསུམ་དུ་འདི་ལྟར་མནར་གཅོད་དང་ཉེན་ཁ་མང་པོ་འཕྲད་ཡོད་པར་བརྟེན་ཁོང་གི་བདེ་འཇགས་ཐད་འདི་ག་ལྟེ་གནས་ཁང་ལ་སེམས་འཚབ་ཆེན་པོ་ཡོད། ཁོ་མོས་འདི་ལྟར་སྙིང་སྟོབས་ཆེན་པོ་སྔ་གཞུག་བུར་གསུམ་དུ་བོད་ནང་གི་བོད་མི་ཚོའི་ཉིན་རེའི་འཚོ་བ་དང་ཚོང་ལས་སོགས་ཀྱི་ཐད་ལ་རྒྱ་ནག་འབྲེལ་ཡོད་ལས་ཁུངས་ཚོས་དབང་ཆ་ལོག་སྤྱོད་དང་ཁྲིམས་ལུགས་རྡོག་རོལ་བཏང་ནས་རྒྱ་བོད་གཉིས་ཀྱི་དབར་དབྱེ་འབྱེད་སྣ་ཚོགས་བྱེད་བཞིན་ཡོད་པ་བདེན་དཔང་གི་ལམ་ནས་གསལ་བཤད་གནང་ཡོད་པས་རྒྱ་ནག་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཆིངས་ཁག་དང་རང་གི་རྩ་ཁྲིམས་ནང་དུ་མི་ཐམས་ཅད་འདྲ་མཉམ་ཡིན་པའི་རྩ་དོན་འཁོད་པ་ཁྲིམས་ལྟར་འགན་སྲུང་བྱེད་དགོས་པ་མ་ཟད། ཚེ་རིང་མཚོའི་དྲང་བདེན་གྱི་ཞུ་འབོད་དང་ལེན་དང་ཁོ་མོའི་བདེ་འཇགས་ཐད་འགན་ཁུར་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་”ཞེས་བཀོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།