བོད་པའི་ཚོང་པ་འབྲིང་བ་ཚོར་སྐྱེད་ཀ་དམའ་བའི་དངུལ་བུན་གཡོར་འཆར།
བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་བོད་མི་ཚོང་པ་འབྲིང་བ་ཚོ་(ཚོང་ཁང་དང་། ཟ་ཁང་གཉེར་བའམ་རྒྱ་སྐྱེད་བྱེད་འདོད་ཡོད་མཁན་དང་། གླ་གཏོང་འཕྲུལ་ཆས་ཉོ་འདོད་ཡོད་མཁན་རྣམས་ལ་ཡིན།)ལ་ཧིན་སྒོར་འབུམ་༥༠༠ སྐྱེད་ཀ་དམའ་བའི་ཐོག་ནས་བུན་གཡར་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་སོང་།
དེ་ཡང་ཕྱི་ཟླ་༨ ཚེས་༡༨ རེས་གཟའ་མིག་དམར་ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བསྡུས་པའི་གསར་འགོད་གསལ་བསྒྲགས་དེའི་ནང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་རྒྱབ་ལྗོངས་དང་། དེ་བཞིན་འཕྲལ་གྱི་དགོས་པ་དང་། ཕུགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་བརྙན་ཐུང་ཞིག་བསྟན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་གཉིས་ཀྱིས་ད་ཐེངས་ཀྱི་དངུལ་བུན་གཡོར་གཏོང་སྟངས་སྐོར་ལ་གསལ་བཤད་གནང་སོང་།
གསར་འགོད་གསལ་བསྒྲགས་དེའི་ཐོག སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཉིས་ཀྱིས་བཙན་བྱོལ་བོད་པའི་ཚོང་པ་འབྲིང་བ་རྣམས་ལ་ཧིན་སྒོར་འབུམ་༡༠ ལ་སྐྱེད་ཀ་བརྒྱ་ཆ་༡༠ དང། ཧིན་སྒོར་འབུམ་༢༠ ལ་སྐྱེད་ཀ་བརྒྱ་ཆ་༡༢ བྱས་ནས་བུན་གཡར་གཏོང་འཆར་ཡོད་པ་དང་། དེ་ནི་རྒྱ་གར་གྱི་དངུལ་ཁང་གཞན་དག་གི་སྐྱེད་ཀ་དང་བསྡུར་ན་ལྡབ་ཀྱིས་ཆུང་བ་ཡོད་སྐོར་གསུངས་སོང་།
རྒྱ་གར་གྱི་དངུལ་ཁང་གཞན་དང་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་གཅིག་མཚུངས་ཡིན་ཡང་། སྐྱེད་ཀ་ཤིན་ཏུ་ཆུང་བའི་ཐོག་ནས་དངུལ་བུན་གཏོང་བའི་ལས་གཞི་དེའི་རྒྱབ་ལྗོངས་དང་དམིགས་ཡུལ་ཐད་ལ། སྲིད་སྐྱོང་བློ་བཟང་སེང་གེས་དེ་སྔོན་༢༠༡༡ ལོར་དམ་འབུལ་བྱེད་སྐབས་ཁོང་གི་གཏམ་བཤད་དུ་བོད་པའི་རྩ་དོན་དེ་ད་བར་ལོ་ལྔ་བཅུ་གནས་ཡོད་པ་དང་། ད་དུང་མ་འོངས་པར་ལོ་ལྔ་བཅུ་གནས་དགོས་བྱུང་ན་ཡང་གནས་ཐུབ་ཅེས་བཤད་ཡོད་པ་དེ་ལྔ་དང་ལྔ་བཅུའི་ས་བོན་དུ་གྱུར་བའི་འགྲེལ་བརྗོད་གནང་བ་མ་ཟད། བཀའ་ཤག་སྐབས་༡༤ དང་༡༥ གཉིས་ཀྱི་ཤེས་ཡོན་དང་དེ་མིན་གྱི་གནད་དོན་དང་འབྲེལ་བའི་འཆར་གཞི་མང་པོ་ཞིག་ཡོད་པ་ལས་ད་ཐེངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་གཙོ་བོ་བཀའ་ཤག་གི་དགོངས་དོན་གསུམ་སྟེ། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་དང་འབྲེལ་བ་ཡོད་པ་དང་། དེའི་ནང་ནས་ཀྱང་རང་ཁ་རང་གསོ་དང་འབྲེལ་བ་ཆགས་ཡོད་ཚུལ་གསུངས་སོང་།
གཞན་ཡང་། ཁོང་གིས་ད་ལྟ་ཕྱི་རྒྱལ་དང་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་པའི་མི་འབོར་གཅིག་མཚུངས་སུ་འགྱུར་བཞིན་པའི་གནས་སྟངས་འོག “བོད་མིའི་སྒྲིག་འཛུགས་གནས་པ་ལ། རྒྱ་བལ་འབྲུག་གསུམ་དུ་བོད་མི་གནས་དགོས་ཀྱི་ཡོད་”པ་དང་། ཕྱི་རྒྱལ་དུ་འགྲོ་མཁན་མི་ཉུང་བ་ཞིག་སོ་སོའི་འདོད་མོས་ངང་འགྲོ་གི་ཡོད་ཀྱང་། “མང་པོ་ཞིག་འཚོ་བ་སྐྱེལ་བའི་དོན་ལ་འགྲོ་གི་ཡོད་པར་བརྟེན། གལ་སྲིད་རྒྱ་གར་ནང་ལ་ཚོང་རྒྱག་མཁན་ལ་མ་རྩ་གཡོར་བ་དང་། ཚོང་རྒྱག་སྟངས་སྐོར་གྱི་ཤེས་བྱའི་ཟབ་སྦྱོང་སྤྲོད་པ། ལག་ཤེས་སློབ་སྟོན་སོགས་བྱས་ནས་གོ་སྐབས་བསྐྲུན་ཐུབ་ན། “རྒྱ་གར་དུ་འཚོ་བ་སྐྱེལ་བའི་ཐབས་ལམ་ཡོད་ན། ཕྱི་རྒྱལ་དུ་འགྲོ་གི་མིན་ཟེར་མཁན་ཚོར་ཕན་ཐོགས་ཀྱི་རེད་བསམས་ནས་བུན་གཡར་གྱི་ལས་གཞི་དེའི་འགོ་བརྩམས་པ་ཡིན་”སྐོར་གསུངས་སོང་།
སྐྱེད་ཀ་དམའ་བའི་དངུལ་བུན་དེ་གཡོར་བའི་ཆ་རྐྱེན་ཐད་ལ། ཁོང་གཉིས་ཀྱིས་དང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་གཙང་ཕུལ་ཟིན་པའི་ཐོག རྒྱ་གར་གྱི་ཁྲིམས་དང་མཐུན་ཞིང་། “འཆར་གཞི་ཡག་པོ་ཞིག་དང་། ཀུན་སློང་ཡག་པོ་ཞིག་ཡོད་པའི་”བོད་མི་སུ་འདྲ་ཞིག་ཡིན་ཡང་གཡོར་ཆོག་སྐོར་གསུངས་སོང་། །
གསར་འགོད་པ་དཀོན་མཆོག་རབ་བརྟན།
