བོད་མི་གསུམ་གྱིས་ལྡི་ལི་བར་བོད་དོན་གོམ་བགྲོད་ལས་འགུལ་མགོ་འཛུགས་གནང་འདུག

ཟླ་༩ པའི་ཚེས་༢༣ ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་མ་ན་ལི་ས་གནས་ནས། རང་ལོ་༤༧ ཡིན་པའི་ཚེ་རིང་དོན་གྲུབ་དང་། རང་ལོ་༤༥ ཡིན་པའི་ཚེ་རིང་དབང་འདུས། རང་ལོ་༦༥ ཡིན་པའི་ཆུང་བདག་བཅས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར། བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག

དེ་ཡང་ཁོང་རྣམ་པའི་ལས་འགུལ་གྱི་དགོས་འདུན་གསུམ་ནི། རྒྱ་ནག་གཞུང་གིས་༧གོང་ས་མཆོག་བོད་དུ་ཕེབས་སུ་འཇུག་དགོས་པ་དང་། རྒྱ་ནག་གཞུང་གིས་དབུ་མའི་ལམ་གཞིར་བཞག་ནས་༧གོང་ས་མཆོག་གམ་བོད་མིའི་སྒྲིག་འཛུགས་དང་ཞི་བའི་གྲོས་མོལ་བྱེད་དགོས་པ། རྒྱ་གཞུང་བཙོན་འོག་ཏུ་ཡོད་པའི་པཎ་ཆེན་རིན་པོ་ཆེ་མཆོག་དང་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་བཅས་རེད་འདུག

ཁོང་རྣམ་པས་ལམ་བར་དུ་བོད་དོན་དྲིལ་བསྒྲགས་སྤེལ་རྒྱུ་དང་། ཟླ་༡༠ པའི་ཚེས་༢༢ ཙམ་ལ་རྒྱལ་ས་ལྡི་ལིར་འབྱོར་རྒྱུ་ཚོད་དཔག་བྱེད་ཀྱི་ཡོད་འདུག་པས། ཉུང་མཐར་ཉིན་གྲངས་༣༠ འགོར་རྒྱུ་ཡིན་འདུག འཆར་གཞི་ལྟར་ན་ལྡི་ལིར་འབྱོར་རྗེས་རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ་ཞི་བའི་ལས་འགུལ་སྤེལ་རྒྱུ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།