བོད་མི་བཙན་བྱོལ་བ་བུད་མེད་དགུས་པེ་ཅིང་དུ་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་ལོ་ངོ་༣༠ འཁོར་བའི་དུས་དྲན།
ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠།༠༠ ཐོག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དྷ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ། ཕྱི་ལོ་༡༩༩༥ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཚོགས་ཆེན་ཐེངས་བཞི་པའི་སྐབས། བཙན་བྱོལ་བོད་ཀྱི་བུད་མེད་སྐུ་ཚབ་རྣམ་པ་དགུས་རང་ཡུལ་དུ་སྨྲ་བརྗོད་རང་དབང་མེད་པར་ངོ་རྒོལ་བྱས་ནས་ལོ་ངོ་༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས། གང་བྱུང་བ་དེ་ལོ་རྒྱུས་དང་གནད་འགག་ཆེན་མོ་ཡིན་པ། དེར་རྗེས་སུ་ཡིད་རངས་ཞུ་དགོས་པ་དང་། ལྷག་པར་དུ་དེ་ལས་ཉམས་མྱོང་བླངས་ནས་མ་འོངས་པར་མདུན་སྐྱོད་བྱེད་རྒྱུ་ནི་གལ་ཆེན་ཡིན་པ། ཕྱི་ལོ་༡༩༩༥ ལོར་བུད་མེད་ཚོས་གོ་སྐབས་བཙལ་ནས་གྲུབ་འབྲས་ཐོན་ཡོད་པ་བཞིན། གོ་སྐབས་ལ་སྒུག་ནས་མ་བསྡད་པ། འབད་བརྩོད་དང་འཐབ་རྩོད་བྱས་ནས་གོ་སྐབས་འཚོལ་དགོས་པ་དང་། གོ་སྐབས་རག་དུས་མཉམ་ལས་བྱེད་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་གཏམ་བཤད་གནང་སོང་།
དམིགས་བསལ་སྐུ་མགྲོན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་ཟུར་པ་སྤྱི་ཟུར་ངག་དབང་ལྷ་མོ་ལ་སྔ་ཕྱི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཕྱག་ལས་གནང་ཕྱོགས་དང་འབྲེལ་བཅར་འདྲི་ཞུས་པར། ཁོང་གིས་དེ་སྔར་ཁོང་ཉིད་དྲུང་ཆེ་ཡིན་པའི་སྐབས་སུ། ཚོགས་པ་གསར་འཛུགས་བྱས་ཚར་ཙམ་ཡིན་པ་མ་ཟད། ཚོགས་པའི་དཔལ་འབྱོར་གྱི་གནས་སྟངས་ཀྱང་ཞན་པོ་ཡིན་པ་ངོ་སྤྲོད་དང་སྦྲགས། ད་ལྟ་ཕྱག་ལས་གནང་མཁན་ཚོས་ཧུར་ཐག་བྱེད་བཞིན་ཡོད་ན་ཡང་། བཟང་པོའི་བྱ་བར་མཐའ་མེད་ཙང་། མཛད་སྒོ་ཚོགས་པ་ཙམ་མ་ཡིན་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚང་མར་འབྲེལ་བ་གནང་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་པ་གསུངས་སོང་།
དུས་དྲན་སྲུང་བརྩིའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མས་དེ་རིང་དུས་དྲན་གྱི་རྒྱབ་ལྗོངས་ལོ་རྒྱུས་སྒྲོགས་སྦྱང་གནང་བའི་ནང་། ཕྱི་ལོ་༡༩༩༥ ཟླ་༩ ཚེས་༥ ཉིན། རྒྱལ་ཁབ་༡༨༠ ནས་གཞུང་འབྲེལ་སྐུ་ཚབ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་བཅར་བ་༦༠༠ ཙམ་དང་། དེ་བཞིན་གསར་འགོད་པ་ཉིས་སྟོང་ལྷག་འདུ་འཛོམས་བྱུང་ཡོད་ཅེས་དང་། སྐབས་དེར་རྒྱ་གཞུང་གིས་ཚོགས་ཞུགས་འཐུས་མི་རྣམས་ལ་ལག་རྟགས་རས་དཀྲིས་ཤིག་སྤྲད་པ་དེ་བཙན་བྱོལ་བོད་མི་བུད་མེད་དགུས། རང་ཡུལ་དུ་སྨྲ་བརྗོད་ཀྱི་རང་དབང་མེད་པ་མཚོན་ཆེད། ཁ་རས་དཀྲིས་ཏེ་ངག་བཅད་ངོ་རྒོལ་གྱི་རྔམ་སྟོན་བྱས། ཚོགས་བཅར་བ་བཅུ་ཕྲག་གིས་དྲག་ཆར་ཁྲོད་ཁོང་ཚོའི་མཐར་བསྐོར་ཏེ་མགྲིན་དབྱངས་གཅིག་འགྱུར་གྱི་རང་དབང་རང་དབང་ཞེས་འབོད་ཚིག་བསྒྲགས། བུད་མེད་དུ་མས་ང་ཚོ་རྣམ་པར་རྒྱལ་ངེས་༼We shall overcome༽ ཞེས་པའི་རང་དབང་གྱི་གཞས་དེ་དབྱངས་རྟར་དྲངས། དེ་གར་སྐར་མ་༡༥ བསྡད་རྗེས་རྒྱ་ནག་ས་ཐོག་ཏུ་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་བཙན་བྱོལ་བུད་མེད་ཀྱི་ངོ་རྒོལ་དེ་མཇུག་སྒྲིལ་ནས་རུ་བསྟར་བསྒྲིགས་ཏེ་ཚོགས་ཆེན་གྱི་གུར་ཁང་དུ་ཕྱིར་ལོག་བྱས་འདུག་ཅེས་བཀོད་འདུག
གཞན་ཡང་སྐབས་དེར། ནོར་ཝེ་དང་སུའེ་ཌན་གྱི་ཚོགས་བཅར་བ་རྣམས་ཀྱི་རོགས་སྐྱོར་དང་ཌན་མག་གི་ཡར་རྒྱས་བློན་ཆེན་ཟུར་པ་ཧེལ་ལེ་ཌེ་གྷན་གྱིས་གཙོ་སྐྱོང་འོག ཟླ་༩ ཚེས་༡༡ ཉིན། པེ་ཅིང་གི་ཤེ་ར་ཊོན་མགྲོན་ཁང་དུ་བཙན་བྱོལ་བོད་ཀྱི་བུད་མེད་དགུས། རྒྱ་དམར་གྱི་བཀག་འགོག་ལ་མ་ལྟོས་པར། གཞིས་ལུས་བོད་ཀྱི་བུད་མེད་ཀྱི་སྐྱེ་སྒོ་རྩ་འགོག་དང་། སྦྲུམ་ལྡན་བུད་མེད་ཀྱི་མངལ་གྱི་ཕྲུ་གུ་གསོད་པ་དང་བཏོན་པ་བཅས་བོད་ཀྱི་བུད་མེད་ཀྱི་འཕྲོད་བསྟེན་ཧ་ཅང་ཐ་ཞན་ཡིན་པ། བུད་མེད་འགའ་དོན་མེད་འཛིན་བཟུང་བྱས་ཏེ་བཙོན་ཁང་ནང་བཙན་གཡེམ་བྱེད་པ་སོགས་བུད་མེད་ལ་དམིགས་བསལ་མནར་གཅོད་གཏོང་བ། བོད་ནང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་པ་དང་། རྒྱལ་ཁབ་གཞན་གྱི་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་གཡུགས་ཏེ་ཁོར་ཡུག་ཧ་ཅང་ཉམ་ཞན་གཏོང་གི་ཡོད་པ་བཅས་དོན་ཚན་གསུམ་གྱི་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་བྱས་ཡོད་པ། མཐར་པེ་ཅིང་དུ་ཚོགས་འདུའི་མཇུག་བསྡོམས་གྲོས་ཆོད་བཞག་པའི་ནང་། རྒྱལ་ཁབ་གཞན་གྱི་བཙན་འོག་ཏུ་གནས་པའི་རྐྱེན་གྱིས་བུད་མེད་ལ་གནོད་འཚེ་ཚབས་ཆེ་ཡོང་གི་ཡོད་པ། འཛམ་གླིང་བུད་མེད་ཚོགས་ཆེན་གྱི་ཡིག་ཆའི་ནང་གཏན་འབེབས་བྱས་པ་དང་། གཉིས་པ། བུད་མེད་ལ་ཕྲུ་གུ་མང་ཉུང་ཇི་ཙམ་སྐྱེས་དང་། དུས་ཚོད་ག་དུས་སྐྱེས་བའི་རང་དབང་ཐོབ་ཐང་གཙང་མ་བུད་མེད་སོ་སོར་ཡོད་པའི་གཏན་འབེབས་བྱས་པ་བཅས་བོད་ཀྱི་བུད་མེད་དང་འབྲེལ་བའི་གྲོས་ཆོད་དོན་ཚན་གཉིས་བཞག་ཡོད་པ་སོགས་བཀོད་འདུག
རྒྱལ་སྤྱིའི་བུད་མེད་ཚོགས་ཆེན་ཐེངས་བཞི་པའི་ཐོག་བོད་ཀྱི་བུད་མེད་དགུ་དང་། ལྷག་པར་དུ་བོད་དོན་རྒྱབ་སྐྱོར་བ་བུད་མེད་དྲུག་མཉམ་ཞུགས་གནང་བ་མ་ཟད། ཁོང་རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་དང་འཕྲེད་དར། འཁོར་ཐག་དང་བོད་ཀྱི་རྒྱལ་དར། རང་དབང་གི་འབོད་ཚིག་འཁོད་པའི་སྟོད་གོས་བཅས་ཁྱེར་ཡོད་འདུག བོད་ཀྱི་བུད་མེད་དགུ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྙིང་སྟོབས་ཆེན་པོས་རྔམ་སྟོན་དང་གསར་འགོད་གསལ་བསྒྲགས་སྤེལ་བ་སོགས་བྱས་པར་བརྟེན། ཁོང་རྣམས་ཀྱི་ལས་འགུལ་གང་སྤེལ་གྱི་གནས་ཚུལ་དག་འཛམ་གླིང་ཐོག་གྲགས་ཆེན་བའི་གསར་ཤོག་བྷི་བྷི་སི་དང་ཝ་ཤིན་ཌོན་ཉིན་རེའི་ཚགས་པར། སི་ཨན་ཨན་སོགས་ཀྱི་ཐོག་ཏུ་ཐོན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
