བོད་མི་བཞི་ལྡི་ལིའི་གནམ་ཐང་དུ་འཇུ་བཟུང་བྱས་འདུག
བོད་མི་བཞི་ཡིས་ཀོ་རི་ཡ་རྒྱལ་ཁབ་ཀྱི་ཕྱི་སྐྱོད་ལག་ཁྱེར་རྫུན་མ་བེད་སྤྱོད་བཏང་བས། རྒྱ་གར་ལྡི་ལིའི་རྒྱལ་སྤྱིའི་གནམ་ཐང་ནས་འཇུ་བཟུང་བྱས་འདུག
དེ་ཡང་ཟླ་འདིའི་ཚེས་༥ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༣ ཉིན་བོད་མི་ བཅས་བཞིས་ལྡི་ལི་ནས་ཡུ་རོབ་སུད་སིར་འཕུར་མཁན་གྱི་གནམ་གྲུའི་ནང་དུ། ཀོ་རི་ཡའི་ཕྱི་སྐྱོད་ལག་ཁྱེར་རྫུན་མ་བེད་སྤྱོད་བྱས་སྐབས། གནམ་ཐང་གི་ལས་བྱེད་པས་ཕྱི་སྐྱོད་ལག་ཁྱེར་ཐོག་ཏུ། རྒྱལ་ཁབ་གཞན་པ་ཁ་ཤས་ཀྱི་ཐོངས་ཆན་གྱི་ཐམ་ཀ་རྫུན་མ་བརྒྱབ་ཡོད་པ་དོ་སྣང་བྱུང་ནས། འབྲེལ་ཡོད་ཡུལ་སྤོས་ལས་བྱེད་ལ་སྙན་སེང་ཞུས་འདུག་པས། བོད་མི་བཞི་པོར་དྲི་རྩད་བྱས་པས། ཁོང་ཚོས་མི་རེ་ཡིས་བལ་ཡུལ་དུ་ཡོད་པའི་རྒྱ་རིགས་ཤིག་ལ་ཧིན་སྒོར་འབུམ་གཅིག་དང་ཁྲི་གཉིས་རེ་སྤྲད་ནས། ཀོ་རི་ཡའི་ཕྱི་སྐྱོད་ལག་ཁྱེར་རྫུན་མ་བཟོས་སྐོར་ངོས་ལེན་བྱས་འདུག
དེ་བཞིན་ཁོ་ཚོ་བལ་ཡུལ་དུ་ཁྲིམས་འགལ་ཐོག་ནས་འཛུལ་བ་དང་། དེ་རྗེས་ཟླ་༧ པའི་ཚེས་༡༩ ཉིན་རྒྱ་གར་དུ་གནམ་གྲུའི་ནང་སླེབས་པ། སུད་སིར་ལས་ཀ་གོ་སྐབས་ཡག་པོ་ཐོབ་ཆེད་དུ་འགྲོ་རྩིས་བྱས་སྐོར་ཉེན་རྟོག་པར་བརྗོད་འདུག ཉེན་རྟོག་པས་ཁོ་ཚོར་ཕྱི་སྐྱོད་ལག་ཁྱེར་རྫུན་མ་བཙོང་མཁན་དེ་རྩད་གཅོད་ཐོབ་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག
འཇུ་བཟུང་བྱས་པའི་ནང་བོད་པའི་བུད་མེད་༣ དང་བུ་ཞིག་ཡོད་པ་དང་། ད་ལྟའི་ཆར་བོད་མི་དེ་དག་ས་གནས་གང་ནས་ཡིན་མིན་དང་། ཁོ་ཚོས་གནས་སྟངས་སོགས་ཀྱི་སྐོར་ལ་གནས་ཚུལ་གསལ་ཁ་གང་ཡང་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
