བོད་མི་མང་གི་སྤྱི་འཐུས་ཚོགས་གཞོན་ལགས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་སུ་མཉམ་ཞུགས་གནང་འདུག

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ལྷན་ཚོགས་དེ་ཉིད་ཅེག་གྲོས་ཚོགས་གོང་འོག་གཉིས་སུ་གོ་སྒྲིག་ཞུས་ཡོད་པ་བཞིན། ལྷན་ཚོགས་དེའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་གདན་ཞུས་ལྟར་མཉམ་ཞུགས་གནང་ཡོད་འདུག

དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་བའི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༩ པའི་ཚེས་ ༡ ནས་ ༢ བར་ཉིན་གཉིས་རིང་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ལྷན་ཚོགས་དེ་ཉིད་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་རྟེན་གཞི་བྱས་པའི་ཅེག་གྲོས་ཚོགས་གོང་འོག་གཉིས་སུ་ཚོགས་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གདན་ཞུས་ལྟར་མཉམ་ཞུགས་གནང་ཡོད་འདུག ལྷན་ཚོགས་དེར་རྒྱལ་ཁབ་ ༣༠ ཙམ་ནས་མཉམ་ཞུགས་གནང་མཁན་གྲོས་ཚོགས་འཐུས་མི་ཁྱོན་མི་གྲངས་ ༥༠ ཙམ་ལྷན་འཛོམས་བྱུང་འདུག་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པས་འདས་ལོའི་ནང་ལས་དོན་ཐོག་གྲུབ་འབྲས་ཇི་བྱུང་དང་། གདོང་ལེན་གང་བྱས་ཐོག་བསམ་ཚུལ་བརྗེ་ལེན་དང་། དེ་བཞིན་རྒྱ་ནག་དམར་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ཐོག་ནས་རྒྱལ་སྤྱིའི་ནང་ཁྲིམས་དང་། ཞི་བདེ། བདེ་འཇགས། རང་དབང་། མང་གཙོ་བཅས་ལ་ཉེན་ཁ་འདྲ་མིན་བཟོས་དང་བཟོ་བཞིན་པར་གདོང་ལེན་བྱེད་ཕྱོགས་ཀྱི་ཐབས་བྱུས་ཐོག་བགྲོ་གླེང་གནང་ཡོད་འདུག
ལྷག་ཏུ་ཐའེ་ཝན་དང་། བསྐྱར་གསོ་རུང་བའི་ཐོན་ཁུངས་གཞན་རྟེན། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན། ཧོང་ཀོང་། རྒྱུད་གཅིག་ལམ་གཅིག འགྲོ་བ་མིའི་ཐོབ་ཐང་བཅས་རྒྱ་ནག་དང་འབྲེལ་བའི་བརྗོད་གཞི་དྲུག་གི་ཐོག་བགྲོ་གླེང་གནང་ཡོད་འདུག
སྐབས་དེར་ཅེག་སྤྱི་འཐུས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱི་གསུང་བཤད་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཐོག་མ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཉིས་དབར་གྱི་འབྲེལ་བའི་སྐོར་ལ་གསུངས་ཡོད་འདུག་ལ། ཚོགས་འདུའི་ཉིན་མཐའ་མར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པ་ཝེལ་ཧྥི་སི་ཆར་ལགས་ཀྱིས་ཐེངས་འདིའི་ཚོགས་འདུའི་པ་རག་གི་བསྒྲགས་གཏམ་གཏན་འབེབས་མ་གནང་བའི་སྔོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ཧོང་ཀོང་རང་དབང་། རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་བཅས་ཀྱི་སྐུ་ཚབ་རྣམ་པའི་དགོངས་འཆར་ཁག་གསན་ཡོད་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་རྒྱུས་མངའ་དང་གོ་རྟོགས་མེད་པའི་ཐོག་ནས་རྒྱ་ནག་དམར་གཞུང་གི་ལོག་འགྲེལ་ལ་ཡིད་ཆེས་བྱས་པ་དེས། རྒྱ་ནག་དམར་གཞུང་གིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ་བོད་ས་བཙན་བཟུང་བྱས་པ་ལྟར་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་ཁོངས་ཀྱང་དེ་ལྟར་ཧམ་བཟུང་བྱ་རྒྱུར་ཤུགས་རྐྱེན་སྤྲོད་ཀྱི་ཡོད། དེང་གི་དུས་སུ་འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་དམར་གཞུང་ནི་མང་གཙོར་ཉེན་ཁ་ཆེ་ཤོས་ཡིན་པ་དེ་ཤེས་དགོས་པར་མ་ཟད། བོད་ཀྱི་གནད་དོན་དེ་ཧ་ཅང་གིས་གལ་འགངས་ཆེན་པོ་ཞིག་ཀྱང་ཆགས་ཀྱི་ཡོད། དེར་བརྟེན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་བཞིན་ཡུན་རིང་སེལ་མ་ཐུབ་པར་ལྷག་པའི་བོད་རྒྱའི་དཀའ་རྙོག་གི་ངོ་བོའི་ནང་འཇུག་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངསཡོད་འདུག་ལ། དེ་བཞིན་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་འཛམ་གླིང་སྤྱི་ལ་བོད་ཀྱི་ཁོར་ཡུག་གི་གལ་གནད་ངོས་འཛིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་ལ་བོད་ཀྱི་ཁོར་ཡུག་གི་གལ་གནད་སོགས་ཀྱི་ཐད་ཚན་རིག་དང་མཐུན་པའི་ཉམས་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་འདུག གཞན་ཡང་འཛམ་གླིང་ནང་ཞི་བདེ་དང་། རང་དབང་། ཁྲིམས་དང་ལྡན་པ་ཞིག་ཡོང་ཐབས་སུ་རྒྱ་ནག་དམར་གཞུང་གི་འགོ་ཁྲིད་རྣམ་པ་འགན་ཁུར་ལྡན་པ་ཞིག་བཟོ་རྒྱུ་ནི་རྒྱ་དམར་འོག་སྡུག་སྦྱོང་མནར་གཅོད་མྱོང་མཁན་གྱི་ཁེ་ཕན་ཙམ་མ་ཡིན་པར། རྒྱ་རིགས་མི་མང་དང་། རྒྱ་ནག་གི་ཁེ་ཕན་ལའང་ཐུག་ཡོད་སྟབས། རྒྱལ་ཁབ་ཚང་མས་མཉམ་རུབ་ཀྱིས་འཛམ་གླིང་ཞི་བདེ་དང་། འཆམ་མཐུན་ལྡན་པ་ཞིག་ཡོང་ཐབས་གནང་དགོས་པ། དེ་བཞིན་རྒྱ་ནག་དམར་གཞུང་གིས་བོད་མིའི་ངོ་བོ་དང་། ཆོས་དང་རིག་གཞུང་། སྐད་ཡིག་བཀོལ་སྤྱོད་སོགས་ཀྱི་ཐོག་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད་འདུག
མཇུག་ཏུ་རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས་འཐུས་མི་རྣམ་པ། མི་མང་བཅས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་དང་། འཛིན་སྐྱོང་གནང་མཁན་གྱི་ཚོགས་མི་རྣམ་པས་ཁོང་ཉིད་བོད་མིའི་སྐུ་ཚབ་ཏུ་གདན་ཞུས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། འབྱུང་འགྱུར་ཡང་དེ་ལྟར་བོད་མིའི་སྐུ་ཚབ་མགྲོན་འབོད་གནང་རྒྱུའི་འབོད་སྐུལ་ཞུས་གནང་འདུག་ལ། སྐབས་དེར་ཚོགས་པའི་འཛིན་སྐྱོང་གནང་མཁན་ཚོགས་མི་དང་། གཞན་ཚོགས་མི་རྣམ་པས་ཀྱང་ཚོགས་གཞོན་ལགས་ད་ཐེངས་ཀྱི་ཚོགས་བཅར་དུ་ཕེབས་པར་བསྔགས་བརྗོད་ཞུས་གནང་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།