བོད་མི་མང་སྤྱི་འཐུས་ཁག་ཅིག་ཡོ་རོབ་ཨི་སོ་ཊོ་ན་ཡའི་རྒྱལ་ཁབ་ཏུ་ཕྱོགས་ཕེབས་གནང་བཞིན་འདུག

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམས་ནས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཆེད་ཕྱོགས་བསྐྱོད་གནང་དང་གནང་བཞིན་པ་ལྟར། བོད་མི་མང་སྤྱི་འཐུས་ཁག་ཅིག་ཡོ་རོབ་ཨི་སོ་ཊོ་ན་ཡའི་རྒྱལ་ཁབ་ཏུ་ཕྱོགས་བསྐྱོད་གནང་བཞིན་འདུག
ཕྱི་ཟླ་ ༩ ཚེས་ ༦ ནས་ ༧ བར་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་རྒྱལ་ཁབ་ཨི་སོ་ཊོ་ན་ཡའི་རྒྱལ་ས་ཏ་ལིན་ནང་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་གྱི་གཞུང་གི་དཔོན་རིགས་དང་། གྲོས་ཚོགས་འཐུས་མི། ལས་འགུལ་བ་སོགས་འདུ་འཛོམས་ཐོག རྒྱལ་སྤྱིའི་ལྷན་ཚོགས་ (2023 Open Government Partnership Global Summit) ཞེས་པའི་ཐོག་མཉམ་ཞུགས་དང་། ཕྱི་ཚེས་ ༨ ཉིན་ས་གནས་དཔོན་རིགས་མཇལ་འཕྲད་གནང་རྒྱུ་བཅས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་འདུག
ཕྱི་ ཟླ་ ༠༩ ཚེས་ ༠༤ ཉིན་ལྡི་ལི་ནས་ཕེབས་ཐོན་གྱིས་ཉིན་དེའི་དགོང་མོར་ཨེ་སོ་ཊོ་ནེ་ཡའི་རྒྱལ་ཁབ་གྱི་རྒྱལ་ས་ཏཱ་ལིན་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་གནམ་ཐང་དུ་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་རི་ཤྲི་དྷ་ཏཱ་སོགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་ནས་སྣེ་ལེན་ཕེབས་བསུ་ཞུས་འདུག་པ་དང་།

ཕྱི་ཚེས་ ༠༥ ཞོགས་པར་སྤྱི་འཐུས་རྣམ་པ་ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གིས་ (SOKOS HOTEL VIRU) ཞེས་པའི་མགྲོན་ཁང་དུ་གོ་སྒྲིག་ཞུས་པའི་བཞུགས་མོལ་ཚོགས་འདུ་ཞིག་གི་ཐོག་མཉམ་ཞུགས་གནང་ཡོད་འདུག ཚོགས་ཐོག་ཏུ་སྤྱི་འཐུས་རྣམ་པས་ཚོགས་བཅར་བ་རྣམས་དང་ལྷན་ཕན་ཚུན་ངོ་སྤྲོད་དང་། དགོངས་ཚུལ་བརྗེ་ལེན་གནང་ཡོད་འདུག ཉིན་རྒྱབ་ཏུ་དཀྱེལ་ཡངས་སྲིད་གཞུང་གི་མཛའ་འབྲེལ་ལྷན་ཚོགས་ (2023 OGP Global Summit) ཀྱི་ལྷན་ཚོགས་དེ་ཉིད་རྒྱལ་ས་ཏཱ་ལིན་ལ་ཡོད་པའི་མི་ལོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ (Riigikogu) ཞེས་པའི་གྲོས་ཚོགས་དཀྱིལ་འཁོར་གྱི་ཚོགས་ཁང་ཞིག་ཏུ་དངོས་སུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མཉམ་ཞུགས་གནང་མཁན་གཞན་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་སོགས་ཡོད་པ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པ་བཞི་ཡང་མཉམ་ཞུགས་གནང་འདུག ཚོགས་འདུ་དེའི་ཐོག་བོད་དང་། ཐའེ་ཝན་གྱི་སྐུ་ཚབ་ཚུད་པའི་རྒྱལ་ཁབ་མི་འདྲ་བ་མང་པོ་ཞིག་ནས་གྲོས་ཚོགས་འཐུས་མི་དང་། གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་མི་མང་གི་སྐུ་ཚབ་མཚོན་པའི་ཚོགས་སྡེའི་སྐུ་ཚབ་དང་སྒེར་པ་སོགས་ཁྱོན་ཚོགས་བཅར་བ་གྲངས་ ༢༠༠༠ ལྷག་མཉམ་ཞུགས་གནང་འདུག ཚོགས་འདུ་གྲོལ་རྗེས་བོད་མི་མང་སྤྱི་འཐུས་རྣམ་པ་ཨེ་སོ་ཊོ་ནི་ཡའི་གྲོས་ཚོགས་ཚོགས་ཁང་དུ་གཟིགས་སྐོར་ཕེབས་གནང་ཡོད་འདུག
གནས་ཚུལ་དང་པར་རིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་བ་ནས་གསར་འགོད་པ་བསྟན་འཛིན་ལམ་བཟང་གིས་བཏུས།