བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་དྲུག་པ་མུ་མཐུད་བསྐྱང་རྒྱུའི་གསལ་བསྒྲགས།
དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་དོན་དེ་བཞིན་ཕྱི་ཟླ་༡༢ ཚེས་༢༥ ནས་༢༩ བར་མུ་མཐུད་བསྐྱང་རྒྱུ་གཏན་འཁེལ་ཡོད་པ་དང་། གཞན་ཡང་གྲོས་ཚོགས་ཚོགས་དུས་བདུན་པའི་ཚོགས་བརྡ་བཅས་ཚོགས་དྲུང་ལས་ཁུངས་ནས་གསལ་བསྒྲགས་སྤེལ་སོང་།

དེ་ཡང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་འཚོགས་ཐུབ་ཡོད་ན། ལོ་འདིའི་ཕྱི་ཟླ་༩ ་པའི་ཚེས་༢༨ ཉིན་ནི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་མཐའ་མ་དེ་ཆགས་ཀྱི་ཡོད་ཀྱང་། སྐབས་དེའི་ལས་ཉིན་གཉིས་པར་གྲོས་ཚོགས་ནང་རྒྱ་མིའི་སོ་པ་དང་འབྲེལ་བའི་ལས་རིམ་རྣམ་གཞག་ལ་བརྟེན་ནས་གླེང་རྙོག་མང་པོ་བྱུང་སྟེ་གྲོས་ཚོགས་འཚོགས་ཐུབ་མེད་པར་བརྟེན། ཕྱི་ཚེས་༢༨ ་ཉིན་གྱི་ཞོགས་པ་ཚོགས་གཙོ་སྦྲེལ་པོ་དབུ་བཞུགས་ཐོག་སྤྱི་འཐུས་རྒྱུན་ལས་རྣམ་པས་གྲོས་ཚོགས་མཇུག་སྐྱོང་ཐུབ་རྒྱུའི་ཐབས་ལམ་གཉིས་བཏོན་ཏེ་གྲོས་བསྡུར་གནང་སྟེ། འཛིན་སྐྱོང་བཀའ་ཤག་དང་བཀའ་མོལ་བྱུང་ཡོད་འདུག་ཀྱང་། བདེ་སྲུང་དང་ལས་རིམ་རྣམ་གཞག་འདོན་མཁན་གྱིས་གོང་གི་གནས་ཚུལ་དེ་གཙང་བཟོ་མ་ཐུབ་པ་དང་། སྲིད་སྐྱོང་ཡང་ཕྱོགས་སྐྱོད་དང་སྒེར་དགོངས་མཉམ་དུ་ཟླ་བ་གཅིག་ལྷག་ཕྱི་རྒྱལ་ཁག་ཏུ་ཕེབས་འགྲོ་གི་ཡོད་པར་གསུངས་འདུག་པས། སྲིད་སྐྱོང་མེད་ན་གྲོས་ཚོགས་ཀྱང་འཚོགས་ཐུབ་ཀྱི་མེད་པ་སོགས་ཀྱིས། ཉིན་དེའི་ཕྱི་དྲོར་ཚོགས་དྲུང་ལས་ཁུངས་ནས་བོད་མི་མང་སྤྱི་འཐུས་སྐབས་༡༧ ་པའི་གྲོས་ཚོགས་ཚོགས་དུས་༦ ་པའི་ལས་དོན་ལྷག་མ་བསྐྱང་རྒྱུའི་ཚོགས་འདུ་འཕར་འགྱངས་གནང་བའི་གསལ་བསྒྲགས་སྤེལ་དགོས་བྱུང་ཡོད་པ་རེད།
ཕྱི་ཟླ་༡༡ ཚེས་༡༦ གི་ཉིན་རྒྱབ་ཚོགས་དྲུང་ལས་ཁུངས་ཀྱིས་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་བསྐྱང་རྒྱུའི་གསལ་བསྒྲགས་དང་། དེ་བཞིན་ཚོགས་དུས་བདུན་པའི་ཚོགས་བརྡ་བཅས་བཏང་གནང་སོང་། དེའི་ནང་དུ། སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་༦ པ་དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་༢ པ་ལྟར། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷན་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱུངས་ཀྱི་ཐག་གཅོད་བྱ་རྒྱུ་ཞེས་གསལ་བ་ལྟར། ཕྱི་ཟླ་༩ ཚེས་༢༨ ཉིན་རེ་ཞིག་ཚོགས་འདུ་འཕར་འགྱངས་དང་། ཚོགས་དུས་འདིའི་ལས་དོན་ལྷག་མ་རྣམས་མུ་མཐུད་བསྐྱང་རྒྱུའི་དུས་ཚོད་གཏན་འཁེལ་བྱུང་མཚམས་འབྲེལ་ལམ་ཞུ་རྒྱུ་གནང་བ་ལྟར། ཚོགས་དུས་དྲུག་པའི་ལས་དོན་མུ་མཐུད་སྐྱོང་དགོས་རིགས་ཕྱི་ལོ་༢༠༢༣ ་ཟླ་༡༢ ཚེས་༢༥ ནས་ཚེས་༢༩ བར་ལས་ཉིན་ལྔ་བསྐྱང་གཏན་འཁེལ་སོང་ཞེས་འཁོད་འདུག
གཞན་ཡང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་སྤེལ་བའི་སྐབས་༡༧ ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཚོགས་བརྡའི་ནང་དུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ། ཕྱི་ལོ་༢༠༢༤ ་ཟླ་༣ ་ཚེས་༡༤ ་རེས་གཟའ་ཕུར་བུ་ནས་ཚེས་༣༠ ་རེས་གཟའ་སྤེན་པའི་བར། ལས་ཉིན་བཅོ་ལྔ་རིང་བཞུགས་སྒར་སྤྱི་ལྷན་གྲོས་ཚོགས་ཚོགས་ཁང་ནང་ཚུགས་གཏན་འཁེལ་ཡོད་ཅེས་འཁོད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།