བོད་མི་ཞིག་ལ་ལོ་བཅོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཟླ་འདིའི་ཚེས་ ༢༦ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཁམས་ནག་ཆུ་ས་ཁུལ་ཤག་རོང་པོ་རྟ་ཆེན་ཡུལ་ཚོ་ནས་ཡིན་པའི་སྤྱི་ཚོགས་ཞབས་ཞུ་བ་དང་ཁེ་ལས་པ་བསྟན་འཛིན་ཆོས་འཕེལ་ལགས་སུ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་ཉེས་མིང་འོག་ལོ་ངོ་ ༡༨ ཀྱི་ཁྲིམས་ཐག་བཅད་ཡོད་པ་བརྗོད་འདུག

ཕྱི་ལོ་ ༢༠༡༩ ཟླ་ ༥ པའི་ཚེས་ ༢༤ ཉིན་རང་ལོ་ ༥༢ ཡིན་པའི་སྤྱི་ཚོགས་ཞབས་ཞུ་བ་དང་ཁེ་ལས་པ་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་དང་། ཁྲིམས་འགལ་ཐོག་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཚོང་ལས་བྱས་པ་བཅས་ཀྱི་ཉེས་མིང་འོག་རྒྱ་གཞུང་གིས་ཁོང་ལ་ལོ་ངོ་ ༡༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་ལོ་ལྔའི་རིང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པ་མ་ཟད། སྒེར་གྱི་རྒྱུ་ནོར་རྣམས་གཞུང་བཞེས་བཏང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཁོང་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

བསྟན་འཛིན་ཆོས་འཕེལ་ལགས་ནི་བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་གནང་མཁན་ཞིག་ཡིན་ཁར། ཁོང་གིས་དུས་རྒྱུན་བོད་ནང་གི་བོད་མི་དབུལ་ཕོངས་རྣམས་ལ་འཚོ་བའི་ཐད་རོགས་སྐྱོར་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། བོད་ཀྱི་ལོ་རྒྱུས་དང་རིག་གནས་སྲུང་སྐྱོབ་བཅས་ཀྱི་ཐོག་ལ་ཤུགས་གནོན་རྒྱག་མཁན་གྱི་བོད་མི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ལྡན་པའི་མི་སྣ་ཞིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལྟ་བུ་བོད་མིའི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ལྡན་པའི་བོད་མི་མང་དག་ཅིག་ལ་མ་ཉེས་ཁ་གཡོག་བྱེད་དེ་བཙོན་འཇུག་ཁྲིམས་ཐག་བཅད་ནས་བོད་མི་རྣམས་ལ་འཇིགས་སྐུལ་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༠ ཉིན་བསྟན་འཛིན་ཆོས་འཕེལ་ལགས་ལྷ་ས་གོང་དཀར་གནམ་ཐང་ནས་རྒྱ་གཞུང་གི་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ལོ་གཅིག་ལྷག་རིང་གར་སོང་ཆ་མེད་གྱུར་ཡོད་པ་མ་ཟད། ཐེངས་འདིའི་རྒྱ་གཞུང་གིས་དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པ་དེར་ཁོང་གི་ནང་མི་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་ཆེས་མཐོའི་མི་མང་ཁྲིམས་ཁང་དུ་ཞུ་གཏུགས་གནང་ཡོད་ཀྱང་། ཁྲིམས་ཁང་གིས་ངོས་ལེན་བྱེད་མེད་པ་རེད་འདུག

 

 

གསར་འགོད་པ། ཆོས་གྲགས།