བོད་མི་རྣམས་ལ་ས་ཆ་མཁོ་སྤྲོད་ཀྱི་སྒོ་ནས་དྲིན་ལན་འཇལ་ཐུབ་པ་ནི་ང་ཚོའི་དགའ་སྤོབས་ཀྱི་གནས་ཚུལ་ཞིག་རེད།

༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་ལ་དྭགས་བྱང་ཐང་ཆུ་མུར་བོད་མི་རྣམས་ཀྱི་ཆེད་ས་ཆ་ཨེ་ཀར་ ༨ ཙམ་གསོལ་སྩལ་གནང་བ་དེར། ཐུགས་རྗེ་ལེགས་འབུལ་ཞུ་སླད་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་གཙོས་པའི་མཐོ་རིམ་ལས་བྱེད་རྣམས་ཆེད་བཅར་ཞུས་འདུག
ཉེ་ཆར་༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ནས་བྱང་ཐང་ཆུ་མྱུར་དུ་གནས་སྡོད་བོད་མི་རྣམས་ལ་དྭགས་གླེ་རུ་གཞིས་སྤོས་ཆེད་ས་ཆ་ཨེ་ཀར་ ༨ ཙམ་ (ཀར་ནལ་ ༦༣) གསོལ་སྩལ་གནང་བར་བརྟེན།

ཕྱི་ཟླ་༧ པའི་ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་གཙོས་པའི་བཀའ་བློན་རྣམ་པ་དང་མཐོ་རིམ་ལས་བྱེད་རྣམས་ནས། ༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ལེགས་འབུལ་ཞུ་སླད་ཆེད་བཅར་ཞུས་ཡོད་འདུག་པ་དང་། ཕྱི་ཚེས་༢༦ ཉིན་ནང་སྲིད་བཀའ་བློན་ནམ་དཔལ་ལྡན་སྲིད་སྐྱོང་ནས་དངོས་སུ་རྩིས་བཞེས་གནང་འདུག
༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ནས་གསོལ་སྩལ་གནང་བའི་ས་ཚིགས་འདི་ནི་བྱང་ཐང་ཆུ་མུར་དུ་ཡོད་པའི་བོད་མི་རྣམས་གཞིས་སྤོས་ཆེད་མཐུན་འགྱུར་དང་གཏན་འཇགས་སྡོད་ཁང་མེད་པའི་གླེ་ནང་གི་བོད་མི་རྣམས་ལ་སྡོད་ཁང་མཐུན་འགྱུར་གནང་རྒྱུ་ཡིན་འདུག
དཔལ་ལྡན་སྲིད་སྐྱོང་གིས་དབུ་ཁྲིད་པའི་སྐུ་ཚབ་ཚོས་ཁྲིག་སེ་རིན་པོ་ཆེ་མཆོག་གི་བཞུགས་གནས་སུ་མཇལ་མོལ་གནང་རྗེས་ཞལ་འདེབས་གནང་བའི་ས་ཆར་གཟིགས་ཞིབ་གནང་སྟེ། རིན་པོ་ཆེ་མཆོག་གིས་ས་ཆར་རབ་གནས་གནང་བ་དང་ཆུ་མུར་ཁུལ་གྱི་བོད་པའི་འབྲོག་པ་རྣམས་དང་ཐུག་འཕྲད་གནང་ཡོད་འདུག དེ་བཞིན་ཁྲིག་སེ་རིན་པོ་ཆེ་མཆོག་གིས་བོད་མིའི་དབུ་ཁྲིད་རྣམས་ལ་ཉིན་གུང་གསོལ་ཚིགས་ཀྱང་གོ་སྒྲིག་གནང་ཞིང་།
ཉིན་རྒྱབ་ལ་དྭགས་གླེ་བསམ་ཡས་གླིང་མི་མང་ཚོགས་ཁང་དུ་མཛད་སྒོ་ཞིག་ཚོགས་ཏེ། བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་དང་ཁྲིག་སེ་དགོན་པར་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་ནང་སྲིད་ལས་ཁུངས་ནས་དྲན་རྟེན་ཕྱག་རྟགས་ཕུལ་ཏེ། ཁོང་གིས་ས་གནས་བོད་མི་ཚོའི་བདེ་རྩར་ཐུགས་ཁུར་ཆེན་པོས་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད་འདུག

སྐབས་དེར་༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་ས་ཆ་མཁོ་སྤྲོད་གནང་དགོས་དོན་གྱི་སྐོར་སོགས་གསུངས་པ་དང་འབྲེལ། རྒྱ་ནག་གིས་བོད་ས་བཙན་བཟུང་མ་བྱས་གོང་༧གོང་ས་མཆོག་ཧི་མ་ལ་ཡའི་ཡུལ་གྱི་དགེ་འདུན་པ་རྣམས་ལ་ལྷ་སར་ནང་ཆོས་སློབ་གཉེར་བྱ་རྒྱུར་དམིགས་བསལ་ཐུགས་སྐྱོང་དང་རམ་འདེགས་ཇི་ལྟར་མཛད་པ་ངོ་སྤྲོད་དང་། དེ་བཞིན་བོད་རང་བཙན་ཤོར་བའི་རྗེས་སུའང་རྒྱུན་མཐུད་ནས་༧གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགེ་འདུན་པ་རྣམས་ཀྱི་གཞུང་ལུགས་སློབ་གཉེར་ལ་བཀའ་དྲིན་སྐྱོང་བཞིན་ཡོད་པ།
ད་ལྟ་ང་ཚོས་བོད་རིགས་རྣམས་ཀྱི་དཀའ་རྙོག་གི་དུས་སྐབས་འདིར་དེ་དང་འདྲ་བའི་རམ་འདེགས་གནང་རྒྱུ་དེ་ང་ཚོའི་ལས་འགན་ཆགས་ཡོད་པ་དང་། ༧གོང་ས་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་ལོ་འདིར་བོད་མི་རྣམས་ལ་ས་ཆ་མཁོ་སྤྲོད་སྒོ་ནས་དྲིན་ལན་འཇལ་ཐུབ་པ་ནི་ང་ཚོའི་དགའ་སྤོབས་ཀྱི་གནས་ཚུལ་ཞིག་རེད། ཅེས་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ངའི་རྩ་བའི་བླ་མ་ཡིན། ངས་དུས་རྟག་ཏུ་མགོན་པོ་གང་ཉིད་མཆོག་གི་བཀའ་བཞིན་སྒྲུབ་པར་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ཞུས་ཡོད་ལ། མུ་མཐུད་ནས་ཞུ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།