བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ སྲུང་བརྩི།
བཙན་བྱོལ་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༢ པ་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས་པའི་མཛད་སྒོའི་ཐོག སྲིད་སྐྱོང་བློ་བཟང་སེང་གེས་“བོད་ལུང་པ་ཤོར་ནས་ལོ་ ༦༢ འགྲོ་གི་ཡོད་རེད། བོད་མི་ལ་གདུག་རྩུབ་བཏང་ནས་ལོ་ ༦༢ འགྲོ་གི་ཡོད་རེད། བོད་མི་ལ་མནར་གཅོད་བཏང་ནས་ལོ་ ༦༢ འགྲོ་གི་ཡོད་རེད་”ཅེས་གསུངས་སོང་།
དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ པ་ལ་བོད་མིའི་སྒྲིག་འཛུགས་ནས་གངས་སྐྱིད་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་གསུམ་བཅུའི་དུས་ཐེངས་༦༢ པ་སྲུང་བརྩི་ཞུ་བའི་གཞུང་འབྲེལ་མཛད་སྒོ་འཚོགས་པའི་སོང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཛོམས་པའི་མཛད་སྒོའི་ཐོག བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་བ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་མྱ་ངན་ངག་གཅད་ཞུ་བ་ཡིས་གཙོས་པའི་འཆར་ཅན་གྱི་བྱེད་སྒོ་དག་གྲུབ་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་བོད་སྐད་ཐོག་ནས་སྒྲོག་སྦྱངས་གནང་སོང་།
ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཕྲག་བརྒལ་བས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ནོར་བུ་གླིང་ཁའི་མཐའ་བསྐོར་ནས་༧གོང་ས་མཆོག་ལ་སྲུང་སྐྱོབས་དང་། རྒྱ་ནག་གི་བཙན་འཛུལ་དང་དྲག་གནོན་ལ་འཚེ་མེད་ཞི་བའི་ངོ་རྒོལ་བྱས་པར། རྒྱ་ནག་གིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་མེ་སྒྱོགས་དང་མེ་མདས་དྲག་གནོན་བྱེད་རྒྱུའི་སྟ་གོན་བྱས་པ་མ་ཟད། ཚེས་ ༡༧ གྱི་དགོང་མོར་དངོས་སུ་ཚུར་རྒོལ་བྱེད་འགོ་བརྩམས་ནས་བོད་མི་གྲངས་མེད་དམར་གསོད་བཏང་བར་བརྟེན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་རྒྱལ་ས་ལྷ་ས་ནས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ནས་ད་བར་ཕྱིར་སོ་སོའི་རྒྱལ་ཁབ་ཏུ་ལོག་ཐུབ་མེད།
དུས་དེ་ནས་བཟུང་བཙན་བྱོལ་དུ་འབྱོར་བའི་བོད་མི་ཚོས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་ཀྱིན་ཡོད་པ་དང་། ད་ལོའི་དུས་དྲན་འདི་ཐེངས་ ༦༢ པ་ཆགས་ཡོད།
འདི་ལོའི་དུས་ཆེན་དང་འབྲེལ་བའི་ཐད་ལ། སྲིད་སྐྱོང་བློ་བཟང་སེང་གེས་“བོད་ལུང་པ་ཤོར་ནས་ལོ་ ༦༢ འགྲོ་གི་ཡོད་རེད། བོད་མི་ལ་གདུག་རྩུབ་བཏང་ནས་ལོ་ ༦༢ འགྲོ་གི་ཡོད་རེད། བོད་མི་ལ་མནར་གཅོད་བཏང་ནས་ལོ་ ༦༢ འགྲོ་གི་ཡོད་རེད་”ཅེས་གསུངས་སོང་།
ཁོང་གིས་“ད་ལན་གསུམ་བཅུའི་དུས་དྲན་ལ་ང་ཚོས་འདིར་མི་མང་ལོངས་ཤོག་བཏང་བ་རེད། ང་ཚོས་བཀའ་ཤག་ནས་བཀའ་བསྡུར་བྱུང་ནས་འདི་གནད་འགག་ཅིག་མཐོང་སོང་། གང་ཡིན་ཟེར་ན། ༡༩༥༩ ནས་ང་ཚོའི་བོད་ལུང་པ་མ་ཤོར་གོང་དང་། འཆོར་བའི་སྐབས་དང་།ཤོར་བའི་རྗེས་ཀྱི་སྐབས་ལ་མི་ཐོག་རྒན་པ་ཚོའི་སེམས་ལ་ཚོར་བ་ག་འདྲ་ཞིག་ཡོད་རེད། ད་ག་ནང་བཞིན་མི་ཐོག་རྒན་པ་ཚོས་༧གོང་ས་མཆོག་ལ་དད་བཀུར་བརྩི་བཀུར་ག་འདྲ་ཞིག་ཡོད་རེད། ང་ཚོའི་བོད་ནང་ལ་བོད་མི་ཚོར་གདུག་རྩུབ་ག་འདྲ་བྱས་ནས་བཏང་ཡོད་རེད—བཏང་དང་གཏོང་བཞིན་པ་རེད། དེའི་ན་ཚ་དེ་ག་འདྲ་ཞིག་ཡོད་རེད། དེ་དག་ཆ་ཚང་ང་ཚོས་དྲན་གསོ་ཞིག་བྱེད་ཐུབ་ན་ཡག་པོ་འདུག་བསམ་བསམ་ཞིག་བྱུང་”ཞེས་བརྗོད་སོང་།
གཞན་ཡང་། ཁོང་གིས་“ང་ཚོས་ལོངས་ཤོག་བཏང་ཡོང་དུས་རང་བཞིན་གྱིས་གསལ་པོ་ཞེ་དྲག་རེད། ལོངས་ཤོག་ཟེར་དུས་གདོང་ལེན་བྱེད་ས་སུ་རེད། རྒྱབ་སྐྱོར་སློང་ས་སུ་རེད། དད་བཀུར་བརྩི་བཀུར་བྱེད་ས་སུ་རེད། རྡོག་རྩ་ཆིག་སྒྲིལ་བྱེད་དགོས་ས་སུ་རེད་གསལ་པོ་ཞེ་དྲག་བཀོད་བཞག་ཡོད་རེད། དེ་འདྲ་སོང་ཙམ། ང་ཚོའི་སྤྱི་ཚོགས་ནང་ལ—ཉུང་ཤས་ཤིག་ལས་མ་རེད—དེའི་གོ་ནོར་ཐེབས་ནས་གདོང་ལེན་བྱེད་དགོས་སར་མ་བྱས་ནས་ནང་ཁུལ་རང་ལ་ལངས་བསྡད་པའི་བཟོ་འདྲ་འདུག ན་ཚ་དེ་སྟོན་དགོས་ས་ལ་མ་བསྟན་ནས་ནང་ཁུལ་རང་ལ་སྟོན་བསྡད་པའི་བཟོ་འདྲ་ཞིག་རེད་”བརྗོད་དེ་བཙན་བྱོལ་བོད་མི་ཚོར་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱས་ཏེ་འཐབ་རྩོད་ལ་ཤུགས་ནུས་མང་ཙམ་འདོན་དགོས་པའི་སྐུལ་མའང་གནང་སོང་། །
གསར་འགོད་པ་དཀོན་མཆོག་རབ་བརྟན།