བོད་མིའི་གནད་དོན་དེ་ནི་ཆབ་སྲིད་རྐྱང་པའི་གནད་དོན་ཞིག་མ་རེད།

ཟླ་འདིའི་ཚེས་ ༡༦ ཉིན་ ༸གོང་ས་མཆོག་ཉི་ཧོང་གི་གྲོས་ཚོགས་འོག་མའི་ནང་ཕེབས་ཡོད་འདུག་པ་དང་། དེ་གར་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ལྔའི་འཐུས་མི་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས། གྲོས་ཚོགས་འོག་མའི་ཚོགས་ཁང་དུ་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་སོགས་ཁྱོན་གྲོས་ཚོགས་འཐུས་མི་ ༢༠༠ བརྒལ་བར་བཀའ་སློབ་གནང་ཡོད་འདུག

2016-11-16-tokyo-g02-20161116-_mn_0465
www.dalailama.com

ཐོག་མར་བཞུགས་སྒར་དྷ་སར་༸གོང་ས་མཆོག་མཇལ་འཕྲད་ཞུ་མྱོང་མཁན་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་༸གོང་ས་མཆོག་དང་མཇལ་འཕྲད་རྗེས་སེམས་འགུལ་ཇི་ལྟར་ཐེབས་མིན་སྐོར་གཏམ་བཤད་བྱས་ཡོད་འདུག

དེ་རྗེས་༸གོང་ས་མཆོག་གིས་རང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་མི་གཅིག་གྱུར་ཡིན་བསམས་པ་དང་། ནང་པའི་དགེ་སློང་ཞིག་ཡིན་པའི་ངོས་ནས་བྱམས་བརྩེ་དང་བཟོད་བསྲན། ཆོག་ཤེས་སོགས་བསླབ་བྱ་དེ་དག་གོང་མཐོར་གཏོང་ཐབས་དང་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་ཐོག་འབད་བརྩོན་གནང་བཞིན་ཡོད་པ། བོད་མི་ཞིག་ཡིན་པའི་ཆ་ནས་སྤྱིར་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་ད་ཆ་རྒས་ཡོལ་ཆ་ཚང་ཞུས་ཟིན་ཡང་། འཛམ་གླིང་གནའ་རབས་ཀྱི་རིག་གཞུང་ཧ་ཅང་ཕྱུག་པའི་བོད་ཀྱི་ཐུན་མིན་རིག་གནས་སྲུང་སྐྱོབ་གནང་རྒྱུའི་ཐོག་འབད་བརྩོན་གནང་བཞིན་ཡོད་པ་མ་ཟད། བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་དེ་བོད་ཙམ་མ་ཟད། འཛམ་གླིང་ཡུལ་གྲུ་མང་པོ་ཞིག་གི་བདེ་སྡུག་དང་འབྲེལ་བ་ཡོད་སྟབས་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་ཡོད་འདུག དེ་བཞིན་༸གོང་ས་མཆོག་གིས། “ཆབ་སྲིད་ཐོག་ནས་བརྗོད་པ་ཡིན་ན་ང་ཚོས་བོད་རང་བཙན་རྩོད་ཀྱི་མེད། དཔལ་འབྱོར་སོགས་ཀྱི་གནས་སྟངས་མང་པོ་ཞིག་ཐོག་ནས་བོད་མི་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་སྡོད་རྒྱུའི་ཐོག་བསམ་བློ་གཏོང་བཞིན་ཡོད། འོན་ཀྱང་བོད་མིའི་གནད་དོན་དེ་ནི་ཆབ་སྲིད་རྐྱང་པའི་གནད་དོན་ཞིག་རྩ་བ་ནས་མ་རེད། དེ་ནི་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་གཅེས་སྲུང་བྱ་རྒྱུ་འདི་ང་ཚོའི་ལས་འགན་ཆགས་ཡོད།” ཅེས་བཀའ་སློབ་གནང་ཡོད་འདུག

སྐབས་དེར་གྲོས་ཚོགས་འཐུས་མི་ཞིག་གི་དྲི་བར་བཀའ་ལན་དང་འབྲེལ་ནས། གོང་ས་མཆོག་གིས། རྒྱ་མི་རིགས་ལ་མཚོན་ན་དངོས་ནས་བརྩི་བཀུར་ཞུ་འོས་པ་རེད། ཁོང་ཚོར་ལོ་ངོ་སྟོང་ཕྲག་ལྔའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཧ་ཅང་ཕྱུག་པོ་ཡོད་པའི་མི་རིགས་ཤིག་ཡིན། དངོས་ནས་ལས་ལ་བརྩོན་པའི་མི་རིགས་ཡིན་སྐོར་གསུངས་ཡོད་འདུག མཐར་༸གོང་ས་མཆོག་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་འཐུས་མི་མང་དུ་འགྲོ་བཞིན་ཡོད་པ་དེ་ནི། བོད་དོན་ལ་རྒྱབ་སྐྱོར་གནང་བ་ཙམ་ཞིག་མིན་པར་བདེན་པ་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ཞིག་མཚོན་བཞིན་ཡོད་སྐོར་བཀའ་སློབ་གནང་ཡོད་འདུག ། ༸གོང་ས་མཆོག་གིས་ཉི་ཧོང་གྲོས་ཚོགས་ནང་ཆིབས་སྒྱུར་བསྐྱངས་བ་ཐེངས་གསུམ་པ་ཆགས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།