བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་དབུ་འཛུགས་གནང་སོང་།

ཟླ་འདིའི་ཚེས་༢ ཉིན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་ཚོགས་ཁང་དུ་ཉིན་གྲངས་གསུམ་རིང་གི་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་དབུ་འཛུགས་གནང་སོང་།

ཐེངས་འདིའི་ཆོས་ཚོགས་ཐོག་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་འཛིན་ཞེ་གསུམ་པ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག ༧སྔ་འགྱུར་རྙིང་མའི་སྐུ་ཚབ་༧སྐྱབས་རྗེ་སྨན་གླིང་མཁན་ཆེན་རིན་པོ་ཆེ་མཆོག འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག  ༧སྐྱབས་མགོན་འབྲུག་པ་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་རིན་པོ་ཆེ་མཆོག ༧སྐྱབས་རྗེ་སྟག་ལུང་ཞབས་དྲུང་རིན་པོ་ཆེའི་སྐུ་ཚབ་༧སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག ༧སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག དེ་བཞིན་དབུ་ཁྲིད་བླ་ཆེན་དང་སྐུ་ཚབ་རྣམ་པ་སོགས་ཁྱོན་མི་གྲངས་༡༢༠ ལྷག་ཚོགས་བཅར་གནང་འདུག

བོད་མིའི་ཆོས་ཚོགས་ཐེངས་༡༥ པའི་ཆོས་ཚོགས་དབུ་འབྱེད་ཀྱི་སྐབས། ༧གོང་ས་མཆོག་གིས་བརྙན་ལམ་བརྒྱུད་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཞལ་བཞེས་དང་། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང་། ཁོང་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད་པ་སོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་སོང་། དེ་རིང་གི་ཆོས་ཚོགས་ཀྱི་ཚོགས་ཐུན་བཞི་པ་ནས་ཚོགས་བཅར་བ་རྣམས་ཚོགས་ཆུང་ཁག་བཞི་ལ་བཞུགས་ཏེ། ཆོས་ཚོགས་ཐེངས་བཅོ་ལྔ་པའི་གྲོས་གཞི་ཁག་དྲུག་གི་ཐོག་ལ་གྲོས་བསྡུར་གཏན་འབེབས་གནང་རྒྱུ་དང་། ཟླ་འདིའི་ཚེས་༤ ཉིན། དབུ་ཁྲིད་བླ་ཆེན་རྣམ་པ་དང་སྐུ་ཚབ་རྣམ་པ། ཚོགས་བཅར་བ་ཡོངས་རྫོགས་༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ནས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སྒྲོན་དང་། ༧གོང་ས་མཆོག་ནས་བཀའ་སློབ་བཀའ་དྲིན་བསྩལ་རྒྱུ། དེ་བཞིན་དབུ་ཁྲིད་བླ་ཆེན་དང་སྐུ་ཚབ་རྣམ་པས་༧རྒྱལ་བའི་ཉིན་དང་པོའི་བཀའ་སློབ་དང་གསུང་འཕྲིན་ཐོག་དུས་ཡུན་སྐར་མ་ལྔ་རེ་གནང་རྒྱུ་ཡིན་འདུག

བོད་མིའི་ཆོས་ཚོགས་ཐེངས་༡༥ པའི་གྲོས་གཞི་ཁག་དྲུག་ནི། དང་པོ། གོང་ས་མཆོག་གི་བཀའ་དགོངས་ལྟར་མི་དམངས་བྱིངས་ཀྱིས་ནང་པའི་ལྟ་གྲུབ་ཤེས་ཐབས་སུ་ས་གནས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ཡོད་ཐོག དང་བླངས་ཀྱིས་ནང་ཆོས་ངོ་སྤྲོད་ཚགས་ཚུད་གནང་མཁན་རིགས་ཡོད་པ་བཞིན། དགོན་སྡེ་གྲྭ་ཚང་ཁག་ནས་ཀྱང་དེ་ལྟ་བུ་གནང་ཐབས་ཇི་དགེའི་སྐོར། གཉིས་པ། ཆོས་བརྒྱུད་བྱེ་བྲག་པའི་བསླབ་པ་མཐར་སོན་པའི་གྲྭ་བཙུན་གང་རུང་ཆོས་བརྒྱུད་གཞན་གྱི་གཞུང་ཆེན་སྦྱོང་འདོད་ཡོད་རིགས་ལ་ཞུགས་ཡུལ་འབྲེལ་ཡོད་དགོན་སྡེ་གྲྭ་ཚང་ནས་མཐུན་འགྱུར་གནང་ཐབས་ཇི་དགེའི་སྐོར། གསུམ་པ། དགོན་སྡེ་གྲྭ་ཚང་ཁག་ནས་གོ་སྟོན་སྲུང་བརྩིའི་ལོར་༧གོང་ས་མཆོག་གི་ཐུབས་བསྐྱེད་དམ་བཅའ་བཞི་དང་མཐུན་པའི་ཐོག་གཞི་རྒྱ་ཆེ་བའི་ཐུབ་མོང་གི་ལས་གཞི་སྤེལ་ཐབས་ཇི་དགེའི་སྐོར། བཞི་པ། རྒྱ་ནག་དང་། དོལ་རྒྱལ་རྗེས་འབྲངས་པ་རྣམས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་ངོ་རྒོལ་ཞུ་བཞིན་པའི་ཐོག དེང་གི་ཆར་དེ་དག་གི་རྒྱུག་ཁྱི་བོད་པ་རེ་འགས་ཀྱང་༧གོང་ས་མཆོག་ལ་མངོན་སུམ་འཛེམས་མེད་མཚན་སྨད་དང་སྐུ་ཕྱྭ་དང་འབྲེལ་བའི་སྐད་ཆ་ཚབས་ཆེན་ཤོད་མཁན་རིགས་ལ་འཚེ་མེད་ཞི་བའི་སྒོ་ནས་གདོང་ལེན་གནང་ཐབས་ཇི་དགེའི་སྐོར། ལྔ་པ། དགོན་སྡེ་གྲྭ་ཚང་སོ་སོའི་ནང་ཆོས་རིག་ལས་ཁུངས་ནས་ཡིག་འབྲེལ་སོགས་འབྲེལ་ལམ་ཚགས་ཚུད་ཡོང་ཐབས་སུ་དགོན་སྡེ་སོ་སོའི་ནང་འབྲེལ་མཐུད་པ་བསྐོ་གཞག་གནང་ཐབས་ཇི་དགེའི་སྐོར། དྲུག་པ། གོང་གསལ་གྲོས་གཞིར་མ་འཁོད་པའི་གནད་དོན་གཞན་ཐོག་སྤྱི་སྨན་དགོངས་འཆར་དང་བཀའ་བསྡུར་བཅས་རེད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།