བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་༦༠ འཁོར་བའི་དུས་ཆེན་སྲུང་བརྩི།
བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་༦༠ འཁོར་བའི་དུས་ཆེན་གྱི་མཛད་སྒོའི་ཐོག སྲིད་སྐྱོང་བློ་བཟང་སེང་གེས་བསླེབ་ལ་ཉེ་བའི་སྲིད་སྤྱིའི་འོས་བསྡུའི་ནང་མི་མང་གང་མང་མང་གིས་ཤ་ཆེས་ལེན་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་། “མི་གཅིག་ཡིན་ན་ཡང་འོས་འཕངས་ནས་ཆ་ཤས་ལེན་པ་ཡིན་ན། ༧གོང་ས་མཆོག་གི་དགོངས་པ་ལྟར་མི་ཐོག་རྒན་པ་ཚོས་སྐུ་ལས་བསྐྱོན་ནས་བསྐྲུན་པའི་མང་གཙོའི་རིན་ཐང་ཆེ་རུ་འགྲོ་ངེས་རེད་”ཅེས་གསུངས་སོང་།
ཕྱི་ཟླ་༩ ཚེས་༢ རེས་གཟའ་ལྷག་པའི་ཉིན་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་འཚོགས་པའི་གཞུང་འབྲེལ་མཛད་སྒོ་དེའི་ཐོག སྲིད་སྐྱོང་གིས་སྲིད་སྐྱོང་སློབ་ཡོན་ཐོབ་མཁན་རྣམས་ལ་ཕྱག་ཁྱེར་དང་། དགའ་ལྡན་ཕོ་བྲང་གི་སློབ་མའི་གཟེངས་རྟགས་གནང་བ་དང་། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་ཞབས་ལོ་ ༢༥ ཡན་ལོན་པའི་ལས་བྱེད་ལ་ལེགས་གསོལ་ཕྱག་ཁྱེར་བསྩལ་བ་ལ་སོགས་པའི་དུས་རྒྱུན་གྱི་བྱེད་སྒོ་རྣམས་གྲུབ་རྗེས། ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་སོང་།
སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་། ༧གོང་ས་མཆོག་གིས་ཇི་ལྟར་རླབས་ཆེན་གྱི་དགོངས་པ་བཞེས་ནས་བོད་མི་མང་ལ་“འཐབ་རྩོད་འཁྲུག་སློང་སོགས་རྔུལ་ཁྲག་གི་འགྲོ་གྲོན་ཕྲ་མོ་ཙམ་ཡང་”གཏོང་མི་དགོས་པར་མང་གཙོའི་ལམ་ལུགས་བསྩལ་བའི་བརྒྱུད་རིམ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་བྱང་དང་། སྤྱི་འཐུས་ཀྱི་གྲངས་འབོར། ལས་ཡུན་བཅས་ལ་རིམ་པས་འགྱུར་ལྡོག་མང་པོ་བྱུང་བ་སོགས་ཀྱི་ལོ་རྒྱུས་སྙིང་བསྡུས་འཁོད་པ་མ་ཟད། ཉེ་ཆར་པེ་ཅིང་དུ་འཚོགས་པའི་རྒྱ་ནག་གི་ཚོགས་ཆེན་ཞིག་གི་སྟེང་། ཞི་ཅིན་ཕིང་གིས་བོད་ལ་སྔར་བས་ཀྱང་ལྷག་པའི་དམ་དྲག་བྱེད་དགོས་ཚུལ་བཤད་ཡོད་པ་དེ་ནི། “བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་། རིག་གནས་ལ་བསྒྱུར་བཅོས། ནང་བསྟན་ཆོས་ལུགས་ལ་བསྲེ་ལྷད་བྱ་རྒྱུ་བཅས་ཀྱི་སྐོར་དྲིལ་བསྒྲགས་རྒྱ་ཆེ་རུ་གཏོང་འཆར་ཞིག་ཡིན་”ཞེས་དགག་པ་དང་སྐྱོན་བརྗོད་བྱས་འདུག
དེ་རིང་གི་མཛད་སྒོ་དེའི་ཐོག སྲིད་སྐྱོང་བློ་བཟང་སེང་གེས་བོད་དབྱིན་གཉིས་ཀའི་ཐོག་ནས་གསུང་བཤད་ཅིག་གནང་སོང་བའི་ནང་། ཁོང་གིས་ཀྱང་རྒྱ་ནག་གིས་“བོད་བརྒྱུད་ནང་བསྟན་རྒྱ་ནག་གི་ཁྱད་ཆོས་ཅན་དུ་བསྒྱུར་བ་དེ་ངོས་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན་པ་”དང་། རྒྱ་ནག་གིས་བོད་ལ་མུ་མཐུད་དྲག་གནོན་གྱི་སྲིད་བྱུས་འཛིན་བཞིན་པ་དེ་“ནོར་བ་ཡིན་”པ་དང་། བོད་ཨེ་ཤི་ཡའི་ཞི་བདེའི་ལྟེ་གནས་སུ་བསྒྱུར་བའི་ཐབས་ལམ་དེ་ནི་༧གོང་ས་མཆོག་གི་བཀའ་དགོངས་རང་ཡིན་ཚུལ་སོགས་གསུངས་སོང་།
དེ་བཞིན་བསླེབ་ལ་ཉེ་བའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་ཐད་ལ། ཁོང་གིས་མི་མང་ཚང་མས་ཆ་ཤས་གང་མང་མང་ལེན་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་། “མི་གཅིག་གིས་ཡིན་ན་ཡང་འོས་འཕངས་ནས་ཆ་ཤས་ལེན་པ་ཡིན་ན། ༧གོང་ས་མཆོག་གི་དགོངས་པ་ལྟར་མི་ཐོག་རྒན་པ་ཚོས་སྐུ་ལས་བསྐྱོན་ནས་བསྐྲུན་པའི་མང་གཙོའི་རིན་ཐང་ཆེ་རུ་འགྲོ་ངེས་རེད་”ཅེས་སྐུལ་མ་བཏང་སོང་།
གཞན་ཡང་། ཁོང་གིས་ཐེངས་འདིའི་འོས་བསྡུའི་ནང་རྒྱ་ནག་གཞུང་ནས་ཐེ་བྱུས་དང་ལག་པ་འཆང་ངེས་པས། མི་མང་གིས་གཟབ་གཟབ་དང་དོགས་ཟོན་ནན་པོ་བྱེད་དགོས་པ་དང། “རྔ་པེ་ཅིང་གིས་རྡུང་། བྲོ་ང་ཚོའི་མི་མང་གིས་འཁྲབ་ན་འགྲིག་གི་མ་རེད་”ཅེས་གསུངས་པ་མ་ཟད། ང་ཚོའི་མང་གཙོ་ནི་ཆབ་སྲིད་ཚོགས་པ་མེད་པའི་མང་གཙོའི་ལམ་ལུགས་ཤིག་ཡིན་སྟབས། གླ་ཕོགས་ལེན་མཁན་གྱི་གཞུང་གི་ལས་བྱེད་རྣམས་ཀྱིས་སྤྱི་ཚོགས་དྲ་ལམ་དུ་འོས་མི་སུ་གཅིག་ལའང་རྒྱབ་སྐྱོར་གྱི་དྲིལ་བསྒྲགས་དང་བརྒྱུད་སྐུར་བྱེད་མི་ཆོག་པ་དང་། དེ་བཞིན་འོས་བསྡུ་གྲུབ་ཟིན་པའི་རྗེས་སུ། ཤོར་མཁན་གྱིས་ཁས་ལེན་མ་བྱས་ན་སྤྱི་ཚོགས་ནང་དཀའ་རྙོག་དང་རྨ་ཁ་ཆེན་པོ་ཡོང་སྲིད་པས། ཤོར་མཁན་གྱི་ཁས་ལེན་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་ཚུལ་སོགས་གསུངས་སོང་། །
གསར་འགོད་པ་དཀོན་མཆོག་རབ་བརྟན།
