བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་༦༣ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་།

དེ་རིང་བོད་མིའི་མང་གཙོའི་ལམ་ལུགས་དབུ་བརྙེས་ནས་མི་ལོ་༦༣ འཁོར་བའི་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་གནང་སོང།

ཕྱི་ཚེས་༢ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་༦༣ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སུ་ཝི་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་དང་། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་གཉིས་པར་ཕེབས་མཁན་རོགས་ཚོགས་ཁག་གི་ཚོགས་མི་༣༠ ཙམ་ཞིག་མཉམ་ཞུགས་གནང་སོང་ལ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་གཙོས་པའི་སེར་སྐྱ་མང་པོ་ཞིག་ཀྱང་འཛོམས་འདུག མཛད་སྒོའི་ཐོག་འདི་ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་སྒྱུ་རྩལ་སྡེ་ཚན་དང་། ཚན་རིག་སྡེ་ཚན། ཚོང་རིག་སྡེ་ཚན་བཅས་སྡེ་ཚན་གསུམ་ནས་རྩེ་ཕུད་གསུམ་ལ་ལོ་ལྟར་དགའ་ལྡན་ཕོ་བྲང་ནས་ལེགས་གསོའི་བྱ་དགའ་གནང་སྲོལ་ཡོད་པ་བཞིན། འདི་ལོ་ཡང་མི་བཅུ་ལ་བྱ་དགའ་གནང་སོང་། སྒྱུ་རྩལ་སྡེ་ཚན་གྱི་ཁོངས་ནས་ཨང་རིམ་དང་པོ་བརྒྱ་ཆ་༩༦ སོན་མཁན་སློབ་མ་གཉིས་བྱུང་ཡོད་པ་དང་། སློབ་མ་གཉིས་ནི་རྡ་སྟེང་བོད་ཁྱིམ་སློབ་མ་བསྟན་འཛིན་འཛོམས་སྐྱིད་དང་བསྟན་འཛིན་ཡར་འཕེལ་ཡིན་པ་དང་། ཨང་རིམ་གཉིས་པ་མ་སུ་རིའི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བདེ་སྐྱིད་ལ་བརྒྱ་ཆ་༩༥་༥ དང་། ཨང་རིམ་གསུམ་པ་རྡ་སྟེང་བོད་ཁྱིམ་སློབ་མ་ཉི་མ་མཚམས་མཆོད་ལ་བརྒྱ་ཆ་༩༥་༢ སོན་འདུག ཚོང་ལས་སྡེ་ཚན་ཁོངས་ནས་ཨང་རིམ་དང་པོ་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་སྐལ་བཟང་ལ་བརྒྱ་ཆ་༩༦་༤ ཡོད་པ་དང་། ཨང་རིམ་གཉིས་པ་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་མཁའ་འགྲོ་ལ་བརྒྱ་ཆ་༩༢་༢ སོན་འདུག ཨང་རིམ་གསུམ་པ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དཔལ་ལྡན་ལ་བརྒྱ་ཆ་༩༡་༢ ཡོད་འདུག དེ་བཞིན་ཚན་རིག་སྡེ་ཚན་གྱི་ཁོངས་ནས་ཨང་རིམ་དང་པོ་སེ་ལ་ཀུ་བོད་ཁྱིམ་སློབ་གྲའི་སློབ་མ་བསྟན་འཛིན་གཡུ་སྒྲོན་ལ་བརྒྱ་ཆ་༩༣་༨ དང་།  ཨང་གཉིས་པ་མོན་གྷོ་སམ་བྷོ་ཊའི་སློབ་གྲྭའི་སློབ་མ་འཆི་མེད་བསྟན་འཛིན་དབྱངས་འཛོམས་ལ་བརྒྱ་ཆ་༩༣་༦སོན་ཡོད་འདུག ཨང་རིམ་གསུམ་པ་མོན་གྷོ་སམ་བྷོ་ཊ་ནས་ཡིན་པ་སློབ་མ་བསྟན་འཛིན་འཕྲིན་ལས་ལ་བརྒྱ་ཆ་༩༢་༢ བཅས་ཡོད་འདུག གཞན་ཡང་སྲིད་སྐྱོང་སློབ་ཡོན་ནམ་ཕུལ་བྱུང་བྱ་དགའ་བཞེས་མཁན་སློབ་མ་ལྔ་བྱུང་འདུག་པ་ནི། བརྒྱ་ཆ་༩༦་༤ སོན་མཁན་སྦེལ་ཀོབ་བོད་ཁྱིམ་སློབ་མ་བསྟན་འཛིན་བསྐལ་བཟང་དང། བརྒྱ་ཆ་༩༦ སོན་མཁན་རྡ་སྟེང་བོད་ཁྱིམ་སློབ་མ་བསྟན་འཛིན་འཛོམས་སྐྱིད། བརྒྱ་ཆ་༩༦ སོན་མཁན་རྡ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཡར་འཕེལ། བརྒྱ་ཆ་༩༥་༤ སོན་མཁན་མ་སུ་རིའི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བདེ་སྐྱིད། བརྒྱ་ཆ་༩༥་༢ སོན་མཁན་རྡ་སྟེང་བོད་ཁྱིམ་གྱི་སློབ་མ་ཉི་མ་མཚམས་མཆོད་བཅས་རེད་འདུག 

མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་བོད་པའི་གཞོན་སྐྱེས་འབུམ་རམས་པའི་སློབ་ཐོན་རྣམས་ལ་ལེགས་གསོའི་བྱ་དགའ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མི་ལོ་ཧྲིལ་པོ་༢༥ སོན་མཁན་གཅིག་ལ་ལེགས་གསོའི་བྱ་དགའ་གནང་སོང་། འདས་པའི་ཟླ་བ་གཉིས་རིང་ཧི་མ་ཅལ་ནང་ཆར་དུས་ཀྱིས་རྐྱེན་པས་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་ཕོག་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ནས་གདུང་སེམས་མཉམ་བསྐྱེད་ཆེད་མངའ་སྡེའི་སྤྱི་ཁྱབ་རོགས་སྐྱོབ་ཐེབས་རྩ་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱི་ཉིན་གཅིག་གི་གསོལ་ཕོག་ཞལ་འདེབས་གནང་རྒྱུ་ཡིན་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་སོང་། དེ་བཞིན་སུ་ཝི་ཌན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་MP Margareta Elisabeth Cederfelt ལགས་ཀྱིས་གསུངས་དོན། སུ་ཝི་ཌན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དེ་རིང་བོད་མིའི་མང་གཙོ་དབུ་བརྙེས་པའི་ཉིན་མོ་ལ་ཞུགས་ཐུབ་པ་དགའ་པོ་བྱུང་སོང་ལ། ༧གོང་ས་མཆོག་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱུ་མཚན་ནི་དབུ་མའི་ལམ་གྱི་དམིགས་ཡུལ་ནི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རག་ཐབས་དང་། བོད་མིའི་ངོ་བོ་སྲུང་སྐྱོབ་ཡོང་ཐབས་ཡིན་པས། དེ་ནི་ཕྱོགས་གཉིས་ཀ་ལ་ཕན་པའི་ལམ་ཞིག་དང་། དེ་ནི་རླབས་ཆེན་གྱི་དགོངས་གཞི་ཞིག་རེད།  དེ་རིང་ང་ཚོ་སུ་ཝི་ཌན་གྱི་སྲིད་དོན་ཚོགས་པའི་ཆབ་སྲིད་ཚོགས་པ་བཞི་ནས་གྲོས་ཚོགས་འཐུས་མི་༡༡ ཕེབས་ཡོད་པ་དང་། ང་ཚོ་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་དུས་རྟག་ཏུ་ཡོད་ཅེས་གསུངས་གནང་སོང། 

གཞན་ཡང་བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་བོད་མི་མང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་ཡོད་པ་དང་། དེའི་ནང་ཆབ་སྲིད་ཀྱི་ལྟ་གྲུབ་ལྡན་པའི་མང་གཙོའི་རིང་ལུགས་ནི་མིའི་རིགས་ཀྱི་ལོ་རྒྱུས་བྱུང་རབས་ནང་བཙན་གཉོམ་དང་། དབུལ་ཕྱུག ཕོ་མོ། རིགས་རུས་སོགས་མིའི་སྤྱི་ཚོགས་སུ་མཆོག་དམན་གྱི་དབྱེ་བ་འབྱེད་པའི་འདུ་ཤེས་དེ་མེད་པར་བྱས་ནས། སྤྱི་ཡོངས་སམ་ཐུན་མོང་ལ་ལྟ་བའི་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་ཏུ་འགྱུར་བར་མི་མང་གི་འདོད་མོས་གཙོ་བོར་འཛིན་པའི་རིང་ལུགས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་དང་། རླབས་ཆེན་གྱི་རིང་ལུགས་དེ་འདྲ་ཞིག་མངོན་འགྱུར་བྱ་རྒྱུར་འཛམ་གླིང་རྒྱལ་ཁབ་མང་པོའི་ལོ་རྒྱུས་བརྒྱུད་རིམ་ཁྲོད། བློས་གཏོང་མང་པོ་བྱས་ནས་གྲུབ་འབྲས་ལྡན་པ་བྱུང་ཡོད་མོད། བོད་མིའི་མང་གཙོ་ནི་མང་ཚོགས་ནས་རང་གི་མངོན་འདོད་འགྲུབ་ཐབས་ཀྱི་བསམ་ཚུལ་དང་བློས་གཏོང་ཕྲ་མོ་ཙམ་ཡང་བཏང་མ་དགོས་པར། བོད་རྒྱལ་ཁབ་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དགོས་པ་དང་དགོངས་གཞི་གལ་ཆེར་བཟུང་སྟེ་བོད་མི་མང་ཚོགས་ལ་གསོལ་རས་གནང་བ་ཞིག་ཡིན་སོགས་གསུངས་གནང་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ནང་དུ། བཙན་བྱོལ་ནང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་སྲོལ་སྟེང་ནས་སྐུལ་འདེད་དང་སྣེ་ཁྲིད་གནང་བའི་རིམ་པ་དང་། 

བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་དར་འཕེལ་གྱི་རིམ་པ་དང་ཁྲིམས་སྒྲིག་ཁག་བསྐྱར་བཅོས་ཀྱི་རིམ་པ། བཀའ་ཤག་གིས་ཁྲིམས་ཀྱིས་དབང་བསྒྱུར་ནི་སྤྱི་སྙོམས་དྲང་བདེན་འགན་སྲུང་གི་རྩིག་རྨང་དུ་རྩི་བཞིན་པ་དང་། ཁྲིམས་ལུགས་དྲང་བདེན་ནི་མང་གཙོའི་རིན་ཐང་མངོན་འགྱུར་གྱི་མཁར་རྫོང་དུ་ལྟ་བཞིན་ཡོད་པའི་སྐོར་སོགས་དང་། བོད་རང་དབང་གི་དམིགས་ཡུལ་ད་དུང་མངོན་འགྱུར་བྱེད་ཐུབ་མེད་པས། ཚང་མ་རྡོག་གྲ་འགྲིག་པོའི་སྒོ་ནས་གོམ་པ་མདུན་སྤོ་བྱེད་ཐུབ་པ་དགོས་པའི་གཞེན་སྐུལ་ཞུ་བཞིན་ཡོད་པར་གསུངས་པ་དང་། དེ་བཞིན་དུས་སྟོན་གྱི་གོ་སྐབས་འདི་བརྒྱུད་ནས་ད་བར་བོད་དང་བོད་མིར་ཤ་ཚས་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་དང་། ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། བོད་མིའི་འཐབ་རྩོད་དང་སྤྱི་ཚོགས་བདེ་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་གནང་སོང་།
གསར་འགོད་པ་བསོད་ནམས་ཕུན་ཚོགས།