བོད་མིའི་འོས་བསྡུའི་སྐབས་ཡིག་རྨོངས་པའི་དཀའ་ངལ་དང་ཡུལ་ཁྲིམས་ཀྱི་དཀའ་ངལ།
ཟླ་འདིའི་ཚེས་༣ ཉིན་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་བྱས་ཡོད་པ་དང་། ལ་དྭགས་གཞིས་གྲོང་བརྒྱད་པའི་ས་གནས་སུ་འོས་འཕེན་སྐབས་ཡི་གེ་འབྲི་མི་ཤེས་མཁན་ཞིག་ལ་གཞན་གྱིས་ཡི་གེ་འབྲི་རོགས་བྱེད་སྐབས། སོ་སོས་འདོད་པ་ཡོད་སའི་སྲིད་སྐྱོང་འོས་མི་དེའི་མིང་མ་བྲིས་ནས་གཞན་པ་བྲིས་ཡོད་པ་ཟུར་དཔང་པས་ཤེས་རྟོགས་བྱུང་ནས། དེའི་སྔོན་གྱི་འོས་འཕངས་ཟིན་པ་ཚང་མ་རྩིས་མེད་བྱས་ནས་བསྐྱར་དུ་འོས་འཕེན་དགོས་བྱུང་འདུག
ཟླ་འདིའི་ཚེས་༤ ཉིན་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལ་བཅར་འདྲི་བྱས་པར། ཁོང་གིས། “ལ་དྭགས་ས་གནས་སུ་གནས་ཚུལ་དེ་འདྲ་བྱུང་འདུག ཡིག་རྨོངས་པའི་ཆེད་དུ་ས་གནས་ཀྱི་སློབ་གྲྭའི་ལས་བྱེད་དེ་འདྲ་ཡི་གེ་འབྲི་རོགས་ལ་ས་གནས་འོས་བསྡུ་ཚོགས་ཆུང་གིས་བཞག་འདུག ཚེེས་༣ གྱི་ཉིན་གུང་ཙམ་ལ་འོས་འཕེན་པ་ཡེ་ཤེས་བསྟན་པ་ཟེར་བ་ཞིག་ཡིག་རྨོངས་པ་ཡིན་པ་དང་། ཁོང་ལ་བསོད་ནམས་འཕེལ་རྒྱས་ཟེར་བས་ཡི་གེ་འབྲི་རོགས་བྱེད་སྐབས་དོ་བདག་ཁོ་རང་གིས་སྲིད་སྐྱོང་འོས་མི་འདོད་པ་ཡོད་ས་གསུངས་པ་དེ་མ་བྲིས་ནས་གཞན་ཞིག་བྲིས་པར་བརྟེན། ཟུར་དཔང་པ་བརྒྱ་དཔོན་བཀྲ་ཤིས་ཀྱིས་ཤེས་རྟོགས་བྱུང་ནས་བཀག་འདུག མི་མང་ནང་དུ་བཤད་རྒྱུ་ཡང་བྱུང་འདུག ས་གནས་འོས་བསྡུ་ཚོགས་ཆུང་གིས་དབུས་འོས་བསྡུ་ལས་ཁང་ལ་འབྲེལ་བ་བྱས་སོང་། ང་ཚོ་ལྷན་ཚོགས་བྱས་པ་དང་། དོགས་གནས་ཅན་གྱི་གནས་ཚུལ་ཆགས་པར་བརྟེན། དེའི་སྔོན་འོས་ཤོག་བརྒྱ་དང་དགུ་བཅུ་གོ་གཉིས་འཕངས་ཟིན་པ་ཚང་མ་རྩིས་མེད་བཏང་ནས། བསྐྱར་དུ་འོས་འཕེན་བཅུག་པ་དང་། གཙང་མ་ཆགས་ནས་ད་ལྟ་གནད་དོན་གང་ཡང་ལྷག་མེད་”ཅེས་གསུངས་སོང་།
ས་གནས་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བཀྲམ་པའི་ཡིག་ཆ་དང་སྐད་ཆའི་ནང་འོས་འཕེན་པ་དོ་བདག་དེས་སྐུ་ངོ་རྒྱ་རི་སྒྲོལ་མ་བྲིས་ལབ་སར་ཡི་གེ་འབྲི་མཁན་གྱིས་སྐུ་ངོ་སྤེན་པ་ཚེ་རིང་བྲིས་རེད་ཅེས་ཁྱབ་འདུག་ནའང་། དབུས་འོས་བསྡུ་འགན་འཛིན་གྱིས་“སྲིད་སྐྱོང་འོས་མི་སུ་ཡིན་གསལ་པོ་ཤེས་མ་སོང་”ཞེས་འགྲེལ་བརྗོད་གནང་སོང་།
ཡི་གེ་འབྲི་རོགས་བྱེད་མཁན་དེར་འོས་བསྡུ་ལས་ཁང་ནས་ཐག་གཅོད་ག་རེ་གནང་ཡོད་མེད་སྐོར་དྲིས་པར། འོས་བསྡུ་འགན་འཛིན་གྱིས། “གནས་ཚུལ་མ་དྲང་པ་བྱུང་བ་ཡིན་པས། དྲང་པོ་བྱུང་ཆེད་འོས་བསྡུ་བསྐྱར་དུ་བྱས་རེད། དེ་མ་ཐག་ཡི་གེ་འབྲི་མཁན་དེ་ཡི་གེ་འབྲི་རོགས་ནང་ནས་མར་ཕུད་རེད་ལ། རིམ་པས་ནག་ཉེས་ལ་དཔག་པའི་ཁྲིམས་ཆད་ཅིག་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག་”ཅེས་གསུངས་སོང་།
བལ་ཡུལ་དུ་བོད་མིའི་འོས་བསྡུར་བལ་ཡུལ་གཞུང་གིས་འགོག་རྐྱེན་བཟོ་ཡི་ཡོད་པར་བརྟེན། གསང་བའི་ཐོག་ནས་འོས་འཕེན་ཐབས་བྱེད་ཀྱི་ཡོད་པ་དང་། ཉིན་ཤས་སྔོན་ནས་འོས་བསྡུ་ལས་ཁང་ནས་འབད་བརྩོན་བྱས་ཡོད་ནའང་། དཀའ་ངལ་རིམ་པ་འཕྲད་ཀྱི་ཡོད་པར་བརྟེན། དེའི་སྐོར་འོས་བསྡུའི་འགན་འཛིན་ལ་བཅར་འདྲི་བྱས་པར། ཁོང་གིས། “མཆོད་རྟེན་བྱ་རུང་ཁ་ཤོར་གཡས་གཡོན་དུ་འོས་བསྡུའི་སྐབས་འོས་སྒམ་གཞུང་གི་ཉེན་རྟོག་པས་འཕྲོགས་པའི་གནས་ཚུལ་བྱུང་རེད་མོད། འོས་སྒམ་ཆ་ཚང་ཤོར་ཡོད་པ་མ་རེད། བལ་ཡུལ་དུ་དཀའ་ངལ་ཧ་ཅང་ཆེན་པོ་རེད་”ཅེས་གསུངས་སོང་།
འཕགས་པ་ཤིང་ཀུན་གཡས་གཡོན་དུ་འོས་བསྡུ་བྱེད་སར་མི་མང་འཛོམས་རྒྱུར་དཀའ་བྱུང་བར་བརྟེེན། འོས་བསྡུའི་ལས་བྱེད་ཀྱིས་འོས་སྒམ་ཁྱེར་ནས་མི་ཚང་རེ་རེ་བཞིན་ཐུག་སར་སོང་བའི་གནས་ཚུལ་ཡོད་པས། དེའི་སྐོར་ག་འདྲ་རེད་ཅེས་དྲིས་པར། ཁོང་གིས་”བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང་ཆབ་སྲིད་ཀྱི་དཀའ་ངལ་ཡོད་ས་ཚོར་དམིགས་གསལ་བཏང་ཡོད་པ་རེད། དེ་འདྲ་བྱུང་ཡོད་སྲིད་པ་རེད། བལ་ཡུལ་གཅིག་པུ་ཡང་མ་རེད། ཕྱི་རྒྱལ་ཁག་ཅིག་ཏུ་ཡང་ན་ཚའི་རྐྱེན་གྱིས་མི་མང་འཛོམས་རྒྱུར་བཀག་རྒྱ་ཡོད་པས། མོ་ཊའི་ནང་དུ་འོས་སྒམ་བཞག་ནས་འོས་འཕེན་དགོས་ཁེལ་ས་ཡང་བྱུང་ཡོད་པ་རེད་”ཅེས་དང་། སྒང་ཏོག་ཏུ་ཡང་མི་གཅིག་འོས་ཐེངས་གཉིས་ལ་འཕེན་དུ་ཡོང་བ་ཤེས་རྟོགས་བྱུང་སྐོར་གྱི་གནས་ཚུལ་ཞིག་འདུག་ཅེས་དྲིས་པར། ཁོང་གིས་”དེ་ཤེས་མ་སོང་། ཡོང་མི་སྲིད་པ་འདྲ་རེད། ཁོ་རང་ཡོང་ནའང་ཐར་ཁག་པོ་རེད། ཟུར་འཛར་ཀ་པ་དང་ཁ་པ་གཉིས་ཀའི་ནང་ས་ཡིག་རྒྱག་དགོས་པ་དང་། ལག་དེབ་ཐོག་ཐམ་ཀ་རྒྱག་དགོས་པ་དེའི་རིགས་མ་ཡོང་ཆེད་དུ་རེད། དེ་འདྲ་གནད་དོན་ཆགས་ན་འོས་བསྡུ་ལས་ཁང་ལ་གནས་ཚུལ་ཡོང་གི་རེད་དེ། ད་ལྟ་དེ་འདྲ་བྱུང་བ་ཧ་གོ་མ་སོང་”ཞེས་གསུངས་སོང་།
འོས་བསྡུ་འགན་འཛིན་གྱིས། “ད་ལོའི་སྔོན་འགྲོའི་འོས་བསྡུའི་དུས་ཚོད་ཧ་ཅང་ཁག་པོའི་སྐབས་ལ་ཁེལ་རེད། ཡིན་ཡང་འབྲེལ་ཡོད་ལས་བྱེད་དང་མང་ཚོགས་ངོས་ནས་འགན་བླངས་ཏེ། ཚགས་ཚུད་པོ་བྱུང་ཡོད་པ་རེད། དངོས་གཞིའི་སྐབས་གནས་སྟངས་འདི་ལས་ཡག་པ་ཆགས་ཀྱི་རེད་བསམ་གྱི་འདུག ཏོག་དབྱིབས་ན་ཚའི་སྔོན་འགོག་སྨན་ཁབ་ཀྱང་དར་ཡོང་གི་ཡོད་རེད། འོས་འཕེན་པ་རྒྱ་ཆེའི་མང་ཚོགས་ནས་ད་ཐེངས་ཡག་པོ་གནང་སོང་། དངོས་གཞིའི་སྐབས་སུ་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་འགན་ཁུར་ནས་འོས་འཕེན་དགོས་པ་དེ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
