བོད་མིའི་རིགས་རྫས་བཙན་གྱིས་བསྡུ་ལེན་བྱེད་ཀྱི་ཡོད་པ་དང་འབྲེལ་ནས་བདུན་ཕྲག་གཅིག་རིང་ལས་འགུལ་སྤེལ་འཆར་འདུག
ཨ་རིའི་ Thermofisher ཞེས་པའི་བཟོ་ཚོང་ཁང་ནས་རྒྱ་ནག་གཞུང་ལ་བོད་མིའི་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་བཙོང་གི་ཡོད་པ་ར་སྤྲོད་བྱུང་ཡོད་པ་ལྟར། རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་བཙོང་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་འོག་བོད་དོན་ལས་འགུལ་བའི་ཚོགས་པ་ཁག་ཅིག་ནས་གཞི་རྒྱ་ཆེ་བའི་ལས་འགུལ་འཆར་ཡོད་པ་རེད་འདུག
ཟླ་༡ པོའི་ཚེས་༡༧ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། ཨ་བོད་ཚོགས་པ་སོགས་ནས་གོ་སྒྲིག་འོག དྲ་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོངས་འཚོགས་གནང་སོང་བ་དང་། སྐབས་དེར་ཁོང་རྣམས་པས་གསུང་དོན་ལ། ཟླ་༡ པོའི་ཚེས་༣༠ ནས་ཟླ་ ༢ པའི་ཚེས་ ༥ བར་བདུན་ཕྲག་གཅིག་རིང་བོད་དོན་ལས་འགུལ་བའི་ཚོགས་པ་ཁག་ཅིག་གིས། བདུན་ཕྲག་གཅིག་རིང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་ལས་འགུལ་ཞེས་རྒྱ་གར་གཙོས་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནང་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་གནང་རྒྱུ་ཡིན་འདུག་པ་དང་། ལས་འགུལ་དེ་ཡང་དྲ་ཐོག་བརྒྱུད་དང་དེ་བཞིན་ཨ་རི་ནང་ཡོད་པའི་Thermofisher བཟོ་ཚོང་ཁང་གི་ལས་ཁུངས་དང་། རྒྱ་ནག་གཞུང་ཚབ་ལས་ཁང་སོ་སོར་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད་འདུག
སྐབས་དེར་ཨ་རིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་བསྟན་འཛིན་དབྱངས་འཛོམས་ཀྱིས། ང་ཚོའི་ངོས་ནས་ཨ་རིའི་(Thermo Fisher)་ཚན་རྩལ་ཁེ་གཉེར་ཁང་གིས་རྒྱ་ནག་ལ་་རིགས་རྫས་(DNA)་བསྡུ་རུབ་བྱེད་སའི་ཡོ་ཆས་མཁོ་ཚོང་བྱེད་ཀྱི་ཡོད་པ་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་དང་། ཚན་རྩལ་ཁེ་གཉེར་ཁང་དེས་རྒྱ་ནག་དང་མཉམ་དུ་བཞག་པའི་གན་རྒྱ་ཕྱིར་འཐེན་གནང་དགོས་པའི་ལས་འགུལ་དེ་འགོ་འཛུགས་བྱས་ཏེ་ད་བར་ཟླ་བ་གཉིས་ལྷག་འགྲོ་མུས་ཡིན་པ་དང་། (Thermo Fisher)་ཚན་རྩལ་ཁེ་གཉེར་ཁང་དང་ང་ཚོའི་བར་ད་བར་ཐེངས་བཞི་ཙམ་གོ་བསྡུར་བྱུང་ཡོད་ཀྱང་། ཁོང་ཚོས་འདོད་བློ་ཁེངས་པའི་ལན་འདེབས་ཤིག་ད་བར་གནང་ཐུབ་མེད་པར་བརྟེན། ང་ཚོས་ཞུ་གཏུག་ལས་འགུལ་འདི་སྤེལ་ཤུགས་ཆེ་རུ་བཏང་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་མུས་ཡིན་ཞེས་གསུངས་སོང་།
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོས། བོད་ཆབ་མདོ་ཁུལ་དུ་བོད་མི་གནས་ཡུལ་ས་ཁུལ་༦༦ ཙམ་གྱི་ནང་རིགས་རྫས་བསྡུ་ལེན་གྱི་ལས་གཞི་དེ་བརྩམས་ཟིན་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་ལས་གཞི་དེ་སྤྱི་ཚོགས་བདེ་འཇགས་ཆེད་དུ་ཡིན་པ་བརྗོད་ཀྱི་ཡོད་ནའང་། དོན་དངོས་ཐོག་དེའི་བརྒྱུད་ནས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་ཞིབ་བཤེར་དོ་དམ་བྱེད་ཆེད་ཡིན་པ། བོད་ནང་རྒྱ་ནག་སྲིད་གཞུང་གིས་བོད་ཕྲུག་བྱིས་པ་ལོ་ན་ལྔ་ཡན་ཆད་རྣམས་ལ་བཙན་གྱིས་རིགས་རྫས་བསྡུ་ལེན་བྱེད་ཀྱི་ཡོད་པ་དང་རིགས་རྫས་བསྡུ་ལེན་ཐད་དོ་བདག་ལ་ཆོག་མཆན་ཞུ་ཡི་མེད་པ་མ་ཟད་རྒྱུ་མཚན་ཅི་ཕྱིར་རིགས་རྫས་བསྡུ་ལེན་བྱེད་པའི་ཐད་འགྲེལ་བརྗོད་གང་ཡང་བྱེད་ཀྱི་མེད་པའི་གནད་དོན་དེ་ཧ་ཅང་གི་བློ་འཚབ་གནང་དགོས་པ་ཞིག་ཡིན་སྐོར་གསུངས་སོང་།
༤༤ཕྱི་ལོ་༢༠༢༢ ལོའི་ཟླ་༩ པའི་ནང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ལ་དེ་འབྲེལ་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་གྲོང་སྡེ་དང་གྲོང་གསེབ་ཁག་གི་བོད་མིའི་ཐོག་མོས་མཐུན་ཡོད་མེད་ལ་ལྟོས་མེད་ཀྱིས། དེང་དུས་ཀྱི་འཕྲུལ་ཆས་བརྒྱུད་བོད་མི་ཚོའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པ། ས་གནས་ཉེན་རྟོག་པར་བོད་མི་དེ་དག་ནས་ནག་ཉེས་ཅན་གྱི་ཕྱག་ལས་གང་གནང་ཡོད་མེད་ཀྱི་དཔང་རྟགས་རིགས་གང་ཡང་དགོས་གལ་མེད་འདུག ལྟ་ཞིབ་ཁང་གིས་བརྗོད་དོན་ལ། ལས་གཞི་དེ་ནི་རྒྱ་གཞུང་གིས་བོད་མི་ཚོའི་སྒེར་གྱི་གསང་གནས་ཤེས་རྟོགས་བྱས་ཏེ། ལྟ་སྲུང་གི་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་པ་གསལ་པོ་ཡིན་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ལ། སྔ་ལོའི་ཟླ་ ༤ ནང་ལྷ་ས་གྲོང་སྡེ་ལས་ཁུངས་ཀྱི་སྙན་ཐོ་ཞིག་ལག་སོན་བྱུང་ཡོད་པ་དང་། དེའི་ནང་རྒྱ་གཞུང་གིས་མིའི་རིགས་རྫས་བརྟག་དཔྱད་བྱེད་ནས་བོད་ནང་གི་སྔོན་འགྲོ་སློབ་གྲྭའི་བྱིས་པ་དང་ས་གནས་ཀྱི་བཅའ་སྡོད་མང་ཚོགས་ཐོག་བཙན་དབང་བཏང་ཡོད་པ་དང་། དེ་སྔ་ཕྱི་ལོ་༢༠༢༠ ལོའི་ཟླ་ ༡༢ ནང་མཚོ་སྔོན་ཞིང་ཆེན་ཟེར་བ་ནས་ཐོན་པའི་སྙན་ཐོ་ནང་དུའང་རྒྱ་གཞུང་གིས་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་ལག་བསྟར་བྱས་ནས་བྱིས་པ་ལོ་ལྔ་དང་དེའི་ཡན་ནས་བསྡུ་ལེན་བྱས་ཡོད་པ་ར་འཕྲོད་བྱུང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།