བོད་མིའི་སྒྲིག་འཛུགས་ཀྱི་ཁ་པར་ཐོག་གི་གསར་གནས་མཉེན་ཆས་དབུ་འབྱེད།

བོད་མིའི་སྒྲིག་འཛུགས་ཀྱིས་ལག་ཐོག་ཁ་པར་ཐོག་ནས་གསར་འགྱུར་ལྟ་ཀློག་བྱེད་ཆེད་དུ་བཟོས་པའི་མཉེན་ཆས་གསར་པ་(Tibet.net App)ཞེས་པ་དབུ་འབྱེད་གནང་སོང་།

ཟླ་འདིའི་ཕྱི་ཚེས་༢༧ གྱི་ཉིན་གུང་ཆུ་ཚོད་༡༢ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚོགས་ཁང་དུ། ཕྱི་དྲིལ་ལས་ཁུངས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་གནས་ཚུལ་གསར་པ་ལྟ་ཀློག་བྱེད་ཕྱིར་བཟོས་པའི་གཉེན་ཆས་(Tibet.net App)ཞེས་པ་དེ་དབུ་འབྱེད་གནང་བ་དང་ཆབས་ཅིག ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་ལས་པ་ཚོའི་སྒྱུ་རྩལ་གོང་འཕེལ་གཏོང་ཆེད།  དམིགས་བསལ་བརྗོད་གཞི་གང་རུང་ངམ་དངོས་བྱུང་ཐོག་གློག་བརྙན་བཟོ་སྐྲུན་བྱ་ཆེད་མཐུན་འགྱུར་མ་དངུལ་ཧིན་སྒོར་འབུམ་གཉིས་རེ་གནང་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་སོང་།

དེ་ཡང་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་དང་དྲིལ་བསྒྲགས་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ། དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གསུམ་གྱིས་ཁ་པར་མཉེན་ཆས་གསར་པ་དབུ་འབྱེད་གྲུབ་མཚམས། དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གྱིས་གཞུང་འབྲེལ་གསར་གནས་མཉེན་ཆས་གསར་པ་དེ་ད་ལྟའི་དུས་སུ་བཟོ་དགོས་པའི་རྒྱུ་མཚན་དང་། དམིགས་ཡུལ་བཅས་སྐོར་ངོ་སྤྲོད་གནང་རྗེས། སྲིད་སྐྱོང་བློ་བཟང་སེང་གེས་ཁ་པར་མཉེན་ཆས་གསར་པ་དང་འབྲེལ་ནས་གསུང་དོན་དུ། སྤྱི་ཡོངས་ནས་འབྱུང་འགྱུར་ལོ་ངོ་༡༠ ཡས་མས་ནང་བརྙན་འཕྲིན་གྱི་ཚབ་ཏུ་ཁ་པར་བརྒྱུད་གནས་ཚུལ་ལྟ་ཀློག་བྱེད་མཁན་བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་འགྲོ་རྒྱུའི་ཚོད་དཔག་བྱེད་བཞིན་པ་ལྟར། གཞུང་འབྲེལ་གྱི་གནས་ཚུལ་ཁྱབ་སྤེལ་ཏག་ཏག་ཡོང་ཐུབ་ཕྱིར་གསར་འགྱུར་བལྟ་ཀློག་བྱེད་གནས་མཉེན་ཆས་གསར་པ་དེ་བཟོས་པ་ཞིག་ཡིན་སྐོར་དང་། བོད་མི་རྣམས་འཛམ་གླིང་གང་སར་ཁ་འཐོར་ནས་བསྡད་ཡོད་ན་ཡང་བལྟ་ས་དེ་དྷ་རམ་སར་བོད་མིའི་སྒྲིག་འཛུགས་དེ་ཆགས་ཐབས་དང་། དེ་བཞིན་གཙོ་ཆེ་ཤོས་བཞུགས་སྒར་དུ་༧གོང་ས་མཆོག་གིས་གསུང་ཆོས་དང་བཀའ་སློབ་གང་གནང་བ་རྣམས་ཐད་ཀར་དངོས་སུ་མཇལ་བ་བཞིན་འགྲིམ་འགྲུལ་དང་བསྐོར་བསྐྱོད་འགྲོ་བའི་ལམ་བར་ནས་ཀྱང་མཇལ་བདེ་པོ་ཡོང་བར་མཐུན་རྐྱེན་སྦྱར་རྒྱུ་གལ་ཆེན་པོ་ཡིན་སྟབས་ཕྱི་དྲིལ་ལས་ཁུངས་ནས་དེ་ལྟར་འབད་བརྩོན་གྱིས་གྲུབ་འབྲས་བྱུང་བ་ཞིག་ཡིན་སྐོར། དེ་བཞིན་གཞུང་འབྲེལ་དྲ་བརྙན་གསར་འགྱུར་བལྟ་ཀློག་བྱེད་མཁན་མང་དུ་སོང་ནས་ད་ལྟའི་ཆར་ས་ཡ་༦ བརྒལ་ཟིན་པ་དང་། སྤྱི་ཚོགས་དྲ་རྒྱ་ངོ་དེབ་བརྒྱུད་ནས་གཞུང་འབྲེལ་དྲ་བརྙན་ལ་བལྟ་མཁན་ས་ཡ་༦ བརྒལ་ཟིན་སྟབས། གསར་གནས་མཉེན་ཆས་ལག་ཐོག་ཁ་པར་ནང་ཡོད་པ་དེའི་ཐོག་ནས་སྔར་ལས་ཀྱང་བལྟ་ཀློག་བྱེད་མཁན་མང་དུ་འགྲོ་རྒྱུའི་རེད་བ་ཡོད་སྐོར་སོགས་གསུངས་སོང་།

དེ་རྗེས་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུས། ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་ལས་པ་ཚོའི་སྒྱུ་རྩལ་གོང་འཕེལ་གཏོང་ཆེད། དངོས་བྱུང་ངམ་དམིགས་བསལ་བརྗོད་གཞི་གང་རུང་ཐོག་བཟོས་པའི་གློག་བརྙན་ཚང་མའི་ནང་ནས་བདུན་བདམས་ཏེ། དེ་དག་ལ་ཧིན་སྒོར་འབུམ་གཉིས་རེ་གནང་རྒྱུ་ཡིན་པ་དང་།  གློག་བརྙན་རྩེ་ཕུད་བདུན་དེ་འདེམས་སྒྲུག་བྱེད་སྟངས་ནི། ཨ་རི་ལྷོ་བྱང་གཉིས་དང་། ཡོ་རོབ། རྒྱ་གར་བཅས་ནས་གློག་བརྙན་རྩེ་ཕུད་གཉིས་རེ་དང་། ལྷོ་ཤར་ཨེ་ཡ་ནས་གཅིག་བཅས་བདམས་རྒྱུ་ཡིན་སྐོར་གསུངས་སོང་།

མཉེན་ཆས་གསར་པ་འདི་བཟོ་སྐྲུན་བྱེད་མཁན་ནི་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་རྟེན་གཞི་བྱས་པའི་བོད་རིགས་ན་གཞོན་ཁག་ཅིག་ལས་གྲུབ་པའི་སྒེར་གྱི་འཕྲུལ་ལས་ཚོགས་པ་དགྲ་བཅོམ་པ་(Dachompa Tech LLP) ཞེས་པ་དེ་ཡིན་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།