བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་དབུ་འཛུགས་གནང་སོང་།
ཟླ་འདིའི་ཚེས་༣༡ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་གངས་སྐྱིད་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་དེ་དབུ་འཛུགས་གནང་སོང་།

ཐེངས་འདིའི་ཚོགས་ཆེན་གྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་བཀའ་བློན་རྣམ་པ་གསུམ་གཙོས་པའི་འབྲེལ་ཡོད་ལས་བྱེད་བཞི་བཅུ་ཙམ་དང་། རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་རོགས་ཚོགས་ཁག་བཅུ་དགུ་ཡི་ཚོགས་མི་སུམ་ཅུ་ཙམ་ཕེབས་འདུག
སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རང་ལགས་ཀྱིས་བོད་མིའི་རང་དབང་འཐབ་རྩོད་ད་བར་རྒྱུན་གནས་ཐུབ་པ་ནི་གཙོ་བོ་༸གོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་དང་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་ཞིང་། བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་གིས་བཙན་བྱོལ་ནང་དུ་༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་གཉིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། བོད་མིའི་རང་དབང་འཐབ་རྩོད་རྒྱུན་གནས་ཀྱི་ཕུག་རེར་བཅངས་ཏེ་སེམས་ཤུགས་སྐྱེད་བཞིན་ཡོད་པ་དང་། བཙན་བྱོལ་བོད་མི་རྣམས་ནས་ཀྱང་བོད་ནང་གི་གཞིས་ལུས་མི་མང་གི་སེམས་ཤུགས་དང་ལྷག་བསམ་ལ་སེམས་འགུལ་ཐེབས་ཀྱི་ཡོད་པའི་སྐོར་དང་།
དེ་བཞིན་བོད་ཀྱི་རང་དབང་འཐབ་རྩོད་རྒྱུན་གནས་ཆེད་དཔལ་འབྱོར་གྱི་རྒྱབ་རྟེན་མེད་ན་ལམ་ལྷོངས་མི་ཡོང་བས། དེའི་ཆེད་རྒྱ་གར་གཞུང་ནས་རྒྱབ་སྐྱོར་མཐུན་འགྱུར་རླབས་ཆེན་གནང་བའི་ཐོག་རྒྱ་གར་ནང་དུ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གསར་འཛུགས་གནང་ཐུབ་པ་བྱུང་ཡོད་ལ། དེ་བཞིན་ཨ་རིའི་གཞུང་ཐེ་བའི་རྒྱལ་ཁབ་མང་དག་ནས་བརྒྱུད་ལམ་འདྲ་མིན་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་བདེ་དོན་ཆེད་རྒྱབ་སྐྱོར་དང་གཟིགས་སྐྱོང་གནང་དང་གནང་མུས་ལྟར་ཕན་ཐོགས་རླབས་ཆེན་བྱུང་ཡོད་ཅེས་དང་། གཞན་ཡང་རོགས་ཚོགས་ཁག་ནས་བཙན་བྱོལ་བོད་མིར་རོགས་སྐྱོར་གནང་སྐབས་མཚམས་རེ་རོགས་ཚོགས་ཀྱི་དམིགས་ཡུལ་དང་བཙན་བྱོལ་བོད་མིའི་དགོས་མཁོ་གཉིས་མཐུན་གྱི་མེད་པའི་དཀའ་ངལ་རིགས་འཕྲད་བཞིན་ཡོད་སྟབས། ད་ཐེངས་ཚོགས་འདུ་འདི་བརྒྱུད་རོགས་ཚོགས་ཀྱི་དམིགས་ཡུལ་དང་བོད་མིའི་དགོས་མཁོ་གཉིས་མཐུན་ཐབས་ཇི་དགེའི་ཐད་གྲོས་མོལ་གནང་གལ་ཆེ་བའི་སྐོར་གསུང་བཤད་གནང་སོང་།

ཉིན་གཉིས་རིང་གི་ཚོགས་ཆེན་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་མཁན་རོགས་ཚོགས་ཁག་གི་དམིགས་ཡུལ་དང་། དོ་སྣང་བྱ་ཡུལ། མ་འོངས་འཆར་གཞི་རྒྱུས་ལོན་ཞུ་རྒྱུ་དང། བོད་མིའི་སྒྲིག་འཛུགས་དང་རོགས་ཚོགས་ཕན་ཚུན་མཐུན་ལམ་གོང་འཕེལ་གཏང་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕུགས་དམིགས་དང་རོགས་ཚོགས་ཁག་གི་མོས་པ་དང་གལ་གནད་བཟུང་ཕྱོགས་གཉིས་མཐུན་ཐབས་སོགས་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ལོ་༢༠༠༥ ལོར་ཚོགས་ཡོད་འདུག ཐེངས་འདིའི་རོགས་ཚོགས་ཚོགས་ཆེན་གྲོལ་རྗེས་ཚོགས་བཅར་བ་རྣམས་༧གོང་ས་མཆོག་མཇལ་བཅར་ཞུ་རྒྱུ་རེད་འདུག་ལ། མང་གཙོའི་དུས་ཆེན་ཐེངས་༦༣ པའི་མཛད་སྒོའི་ཐོག་ཀྱང་མཉམ་ཞུགས་གནང་རྒྱུ་རེད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།

 
							