བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གཞུང་འབྲེལ་གྱི་ཕྱོགས་ཕེབས་གནང་བཞིན་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བྷར་ཛིལ་དང་། ཀོ་ལོམ་སྦི་ཡ། མེཀ་སི་ཀོ་སོགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་དང་གནང་བཞིན་པ་རེད་འདུག
ཕྱི་ཟླ་ ༡༠ ཚེས་ ༡ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་བྷར་ཛིལ་དུ་འབྱོར་ཡོད་པ་དང་། སྐབས་དེར་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དང་བྷ་རི་ཛིལ་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་དབུ་འཛིན། བོད་དོན་རྒྱབ་སྐྱོར་བ་དང་བོད་ཁང་ལས་བྱེད་སོགས་ཀྱིས་སྣེ་ལེན་གྱིས་ཞུས་ཡོད་པ་དང་། དེར་འབྱོར་རྗེས་(Longevidade Expo + Forum) ཞེས་པའི་ལྷན་ཚོགས་སུ་མཉམ་ཞུགས་གནང་ཞིང་ལྷན་ཚོགས་ཀྱི་འགན་འཛིན་དང་ལྷན་ཚོགས་དེ་ཐོག་མར་འཛུགས་མཁན་སོགས་དང་མཇལ་མོལ་གནང་བ་དང་། དེ་བཞིན་བྷར་ཛིལ་བོད་ཁང་དུ་ཕེབས་ཏེ་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་ལྷན་མཇལ་མོལ་དང་། Indian Eye ཞེས་པའི་གསར་ཁང་གི་བཅའ་འདྲིར་དང་ལེན་ཞུས་པ་སོགས་གནང་ཡོད་འདུག ཕྱི་ཟླ་ ༡༠ ཚེས་ ༢ ལ་བྷར་ཛིལ་སའོ་པོ་ལོའི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཞོན། དེ་བཞིན་གྲོས་ཚོགས་འཐུས་མི་སོགས་དང་།སའོ་པོ་ལོའི་ས་གནས་གྲོང་ཁྱེར་གྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ཆེ་དང་། གནམ་གཤིས་འགྱུར་ལྡོག་གི་གནད་དོན་དང་འབྲེལ་བའི་དྲུང་ཆེ་སོགས་དང་མཇལ་འཕྲད་དང་། སའོ་པོ་ལོ་གཙུག་ལག་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མིའི་རིག་གཞུང་སོགས་དང་འབྲེལ་བའི་གནད་དོན་ཐོག་གསུང་བཤད་གནང་ཡོད་འདུག ཕྱི་ཟླ་ ༡༠ ཚེས་ ༥ ཉིན་ཀོ་ལོམ་སྦི་ཡའི་རྒྱལ་ས་སྦོ་ཀོ་ཊར་འབྱོར་ཞིང་། དེར་གསར་ཁང་ཁག་དང་El Bosque གཙུག་ལག་སློབ་གཉེར་ཁང་བཅས་ནས་བཅར་འདྲིའི་ལས་རིམ་ཞིག་གོ་སྒྲིག་ཞུས་པ་ལྟར་མཉམ་ཞུགས་གནང་བ་དང་། བསམ་མཛོད་ལྟེ་གནས་ཁང་ཁག་ཀྱི་འགན་འཛིན་དང་ཚོགས་མི། གཞན་ཡང་དེར་གནད་ཡོད་མི་སྣ་འགའ་དང་ཐུག་འཕྲད་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་ངོ་བོ་དང་རིག་གཞུང་སོགས་ཀྱི་སྐོར་བཀའ་མོལ་གནང་བ་དང་། ཕྱི་ཟླ་ ༡༠ ཚེས་ ༦ ཉིན་རྒྱལ་ཡོངས་གཙུག་ལག་སློབ་ཁང་དུ་ Exile and displacements: Interdisciplinary reflections ཞེས་པའི་བརྗོད་གཞིའི་ཐོག་དགེ་ལས་དང་སློབ་གཉེར་བ་རྣམས་ལ་གསུང་བཤད་གནང་། དེ་རྗེས་ཡ་མན་ཏ་ཀ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་ཚོགས་འདུ་དང་། ཆོས་ལུགས་ཁག་གི་དབུ་འཁྲིད་དང་སྐུ་ཚབ་ཉི་ཤུ་ལྷག་ཙམ་ལྷན་མཇལ་མོལ་དང་(Religion and Spirituality) ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག ཕྱི་ཚེས་༧ ཉིན་མེཀ་སི་ཀོར་འབྱོར་ཏེ་བློ་གསལ་གླིང་ཆོས་ཚོགས་སུ་འཚམས་གཟིགས་དང་དེ་གའི་ཆོས་ཚོགས་ཀྱི་སློབ་མ་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་མཇལ་མོལ་གནང་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།