བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་དབུ་འཛུགས་གནང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་བཅས་པའི་ལོ་འཁོར་སྔོན་རྩིས་འཆར་གཞིར་གྲོས་ཚོགས་མ་ཚོགས་སྔོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཆེད་འཛུགས་ཐོག་ཞིབ་འཇུག་ནན་ཏན་བྱས་ཏེ་གྲོས་ཚོགས་སུ་གྲུབ་དོན་གྱི་སྙན་ཐོ་འབུལ་ལམ་ཞུ་སྲོལ་ཡོད་པ་ལྟར།
ཟླ་འདིའི་ཚེས་༢༦ཉིན་རྩིས་ལོ་༢༠༢༤ ནས་༢༠༢༥ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་དབུ་འཛུགས་གནང་འདུག་པ་དང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་རེ་དྲུག་པ། ལོ་འཁོར་སྔོན་རྩིས་འཆར་འབུལ་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཞེས་པའི་ནང་གསེས་ ༡ “བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཡོངས་རྫོགས་ཀྱི་སྔོན་རྩིས་འཆར་ལོའི་ཡོང་འབབ་དང་། འགྲོ་སོང་ཇི་ཡོད་ཟུར་འཇོག་བཅས་འཚེམས་ལུས་མེད་པའི་ལོ་འཁོར་སྔོན་རྩིས་འགོད་འབུལ་བྱུང་བ་གྲོས་ཚོགས་སུ་བཀའ་འཁྲོལ་གོ་བསྡུར་ཆེད་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཞིག་ཚོགས་གཙོ་སྦྲེལ་པོས་ཚོགས་མི་ཇི་དགོས་དམིགས་འཛུགས་ཀྱིས་བསྐོ་གཞག་བྱ་དགོས། དེའི་དུས་ཡུན་ཚོགས་གཙོ་སྦྲེལ་པོས་གཏན་འབེབས་ཇི་བྱས་ལྟར་ཡིན།” ཞེས་པའི་དགོངས་དོན་གཞིར་བཟུང་སྟེ། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་རྩིས་ལོ་ ༢༠༢༤ ནས་༢༠༢༥ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་བཅས་བསྐོ་འཛུགས་གནང་འདུག་པ་བཞིན། དེ་རིང་སྔ་དྲོའི་ཆུ་ཚོད་ ༩་དང་༣༠ ཙམ་གྱི་ཐོག་སྤྱི་འཐུས་རྣམ་པ་ཚོགས་གཞོན་སྒྲོལ་མ་ཚེ་རིང་གི་ལས་ཁུངས་སུ་བཅར་ཏེ་ཚོགས་གཞོན་མཆོག་ནས་ལས་དོན་དང་འབྲེལ་བའི་ལམ་སྟོན་ཁག་ཞུས་རྗེས་དངོས་སུ་ལས་དོན་དབུ་འཛུགས་གནང་ཡོད་འདུག ཐེངས་འདིའི་སྔོན་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་དང་། ཚོགས་དྲུང་དུ་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་བཅས་སྤྱི་མོས་ཐོག་གཏན་ཁེལ་གནང་འདུག
ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༢ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་འབུལ་གནང་དགོས་རྒྱུ་ཡིན་པ་བཅས་ཀྱི་སྐོར་ཕྱི་ཚེས་༢༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་བའི་ཐོག་སྤེལ་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།
