བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་གཞིས་ཆགས་ཁག་ཏུ་འཚམས་གཟིགས་སུ་སྐྱོད་བཞིན་པ།

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༧ པའི་ཚེས་ ༢༥ ནས་ཟླ་བ་ ༨ ཚེས་ ༡༢ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཇམྨུ། ལ་དྭགས། བྷན་ཌཱ་རཱ་ནོར་རྒྱས་གླིང་། སྡེ་ར་ལྡུན་ཁྱབ་ཁོངས་ནེ་ནི་ཏལ་བཅས་སུ་གནད་ཡོད་མི་སྣ་ཁག་མཇལ་འཕྲད་དང་། དེ་བཞིན་རང་རིགས་མང་ཚོགས་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པའི་གསལ་བསྒྲགས་སྔོན་སོང་ལྟར། དེ་འབྲེལ་གྱི་གནས་ཚུལ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་ཐོག་འཁོད་དོན། ཕྱི་ཟླ་༧ པའི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་དབུ་ཁྲིད་པའི་དཔལ་ལྡན་བཀའ་བློན་རྣམ་པས་གཙོས་མཐོ་རིམ་ལས་བྱེད་པ་རྣམས་ནས། ༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་སྐུ་ཕྲེང་ ༩ ངག་དབང་འཇམ་དབྱངས་བྱམས་པ་བསྟན་འཛིན་མཆོག་དང་མཇལ་འཕྲད་གནང་སྟེ། ༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ནས་བྱང་ཐང་ཆུ་མྱུར་དུ་གནས་སྡོད་བོད་མི་རྣམས་ལ་དྭགས་གླེ་རུ་གཞིས་སྤོས་ཆེད་ས་ཆ་ཨེ་ཀར་ ༨ མ་ཟིན་ཙམ་ (ཀར་ནལ་ ༦༣) གསོལ་སྩལ་གནང་བར་རྩིས་ལེན་དང་ཐུགས་རྗེ་ལེགས་འབུལ་ཞུ་སླད་ཆེད་བཅར་ཞུས་ཡོད་འདུག དེ་བཞིན་ཕྱི་ཟླ་༧ པའི་ཚེས་ ༢༧ ཉིན་དཔལ་ལྡན་སྲིད་སྐྱོང་གིས་གཙོས་པའི་བདེ་སྲུང་དང་ཕྱི་དྲིལ་བཀའ་བློན། དེ་བཞིན་ནང་སྲིད་དྲུང་ཆེ། ལྡི་ལི་སྐུ་ཚབ་དོན་གཅོད། ལ་སྤྱི་བཅས་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་པེ་ཊར་པ་ཝེལ་ (Petr Pavel) མཆོག་ལ་དྭགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་དུས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག་ལ། ཕྱི་ཟླ་༠༨ པའི་ཚེས་ ༣ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་ཅན་དྷ་གྷི་རི་སཾ་བྷོ་ཊ་ཉིན་སློབ་ཏུ་ཕེབས་ཏེ་འཛམ་གླིང་ལ་བོད་མཐོ་སྒང་གི་གལ་གནད་སྐོར་གསུང་བཤད་གནང་ཡོད་འདུག་ལ། དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་སཾ་བྷོ་ཊ་སློབ་གྲྭར་ཕེབས་འབྱོར་བྱུང་སྟེ། དེར་སློབ་ཕྲུག་ཚོར་ནང་ཆོས་ཀྱི་གལ་གནད་དང་། བོད་པ་ཞིག་ཡིན་པའི་ཆ་ནས་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་དགོལ་གལ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ཤེས་དགོས་པ། བཙན་བྱོལ་བོད་མིའི་ལས་འགན་བཅས་ངོ་སྤྲོད་གནང་རྗེས་གློག་སྟོན་བརྙན་རིས་བརྒྱུད་བོད་མཐོ་སྒང་དེ་འཛམ་གླིང་ལ་གལ་ཆེ་ཚུལ་གསུང་སྐབས་གཙོ་བོ་འཛམ་གླིང་གི་ཆབ་སྲིད་དང་། ཁོག་ཡུག་དང་འབྲེལ་ཏེ་བོད་ཁམས་ཡུལ་གྱི་གལ་གནད་ཆེ་ཚུལ་འགྲེལ་བརྗོད་གནང་།

དེ་བཞིན་བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་སྲོལ་ཡོད་པ་ལྟར་བོད་ཀྱི་མཐའ་བཞིའི་གངས་རི་དེ་དག་ལ་བརྟེན་ནས་འཛམ་གླིང་གི་རྒྱལ་ཁབ་བཅུ་དང་། མི་མང་ས་ཡ་མང་པོའི་འཚོ་བ་བརྟེན་བཞིན་ཡོད་པ། དེ་བཞིན་བོད་ནི་ཨེ་ཤི་ཡ་རྒྱལ་ཁབ་མང་པོའི་ཆུའི་སྒོ་ཁུངས་ཡིན་པ་དང་། རྒྱ་ནག་གིས་བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་བཅས་ཀྱི་བརྒྱུད་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་སྐོར་སོགས་གསུངས་གྲུབ་མཚམས་སློབ་ཕྲུག་གི་དྲི་བར་ལན་འདེབས་གསལ་བཤད་གནང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་འཐུས་ཚོགས། ས་གནས་མཉམ་འབྲེལ་བཅས་ཀྱི་ལས་ཁུངས་ཁག་ལ་གཟིགས་སྐོར་གནང་གྲུབ་མཚམས་ས་གནས་ཀྱི་ལས་ཀྱི་སྣེ་མོ་བ་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་གི་ཐོག་ཆེད་ཕེབས་གནང་ཡོད་འདུག ཉིན་རྒྱབ་ཆུ་ཚོད་ ༢།༤༠ ཙམ་ཨོ་ཌི་ཤ་ཕུན་ཚོགས་གླིང་གི་མི་མང་ལ་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་སྐུ་མགྲོན་དུ་༸སྐྱབས་རྗེ་འཇིགས་མེད་རིན་པོ་ཆེ་མཆོག་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ནང་སྲིད་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས། ས་གནས་འགོ་འཛིན་ཟུར་པ་མཁན་པོ་པདྨ་བསྟན་འཕེལ་ལགས། གཞན་ཡང་ས་གནས་འཐུས་ཚོགས་དང་། ས་གནས་མཉམ་འབྲེལ། ས་གནས་རང་བདེན་ཚོགས་ཆུང་བཅས་དང་། སློབ་གྲྭ་དང་དགོན་སྡེ་ཁག་གི་སྐུ་ཚབ་གཙོས་པའི་མང་ཚོགས་བཅས་ཚང་འཛོམས་ཀྱིས་ཐོག་མར་ས་གནས་འགོ་འཛིན་ཀརྨ་བློ་གྲོས་བཟང་པོ་ལགས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་བཀའ་ཤག་སྐབས་བཅུ་དྲུག་པའི་རིང་ནང་སྲིད་ཀྱི་སྒྲོམ་གཞི་ཆ་ཚང་འགྱུར་བ་གཏོང་བའི་བརྒྱུད་རིམ་ངོ་སྤྲོད་དང་སྦྲགས་གཞིས་སྤོ་ལས་གཞིའི་སྐོར་སོགས་གསུངས། ཕྱི་ཟླ་༠༨ པའི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་གཞིས་གྲོང་དང་པོའི་དྭགས་པོ་བཤད་སྒྲུབ་གླིང་དགོན་དང་། དེ་རྗེས་མན་སྤར་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་མཉམ་འབྲེལ་ལས་ཁུངས། ས་འཐུས་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་ལས་ཁུངས། ས་གནས་འཕྲོད་བསྟེན་སྨན་ཁང་། རྒས་གསོ་ཁང་། ཡན་ལག་སྨན་རྩིས་ཁང་བཅས་སུ་གཟིགས་སྐོར་དང་། གཞིས་གྲོང་དང་པོ། དཔལ་ཡུལ་བདེ་ཆེན་ཆོས་འཁོར་གླིང་དགོན། གཙོ་རི་བདེ་ཆེན་ཆོས་འཁོར་གླིང་དགོན། གཞིས་གྲོང་གསུམ་པ་བཅས་སུ་ཕེབས་ཡོད། ཉིན་རྒྱབ་གཞིས་གྲོང་བཞི་པ་དང་། ལྔ་པ། དྲུག་པ་བཅས་སུ་འཚམས་གཟིགས་དང་། དམིགས་བསལ་གཞིས་སྤོ་ལས་གཞིའི་ས་ཆ། དེ་བཞིན་གཞིས་གྲོང་བདུན་པ་དང་གཉིས་པ། དཔལ་ཀརྨ་དར་རྒྱས་ཆོས་འཁོར་གླིང་དགོན། ས་གནས་མཉམ་འབྲེལ་མགྲོན་ཁང་དང་ཁྲོམ་རྭ་གསར་རྒྱག་གི་ལས་གཞི་བཅས་ལ་གཟིགས་སྐོར་གནང་ཡོད་འདུག་པ་དང་། ཕྱི་ཚེས་ ༠༦ ཉིན་མན་སྤར་ཕན་བདེ་གླིང་གི་མང་ཚོགས་ལ་འཚམས་གཟིགས་ཀྱི་སྐོར་སོགས་གསུང་བཤད་གནང་ཞིང་། ཕྱི་ཟླ་༠༨ པའི་ཚེས་ ༠༧ ཉིན་མན་སྤར་ཕན་བདེ་གླིང་ནས་ཝ་རཱ་ཎ་སིར་ཕེབས་ཐོན་གནང་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།
