བོད་རང་བཙན་སྐབས་དབྱིན་ཡུལ་གཞུང་ལ་བཏང་པའི་ཡིག་ཆ་ཞིག་ཕྱིར་བོད་མིའི་སྒྲིག་འཛུགས་ལ་ཕྱིར་གནང་འདུག
དུས་རབས་༢༠ པའི་ནང་བོད་རང་བཙན་ཡིན་སྐབས། བོད་ཀྱི་ཚོང་དོན་སྐུ་ཚབ་ཚོགས་པས་༧གོང་ས་སྐུ་ཕྲེང་༡༤ པ་ཆེན་པོ་མཆོག་དང་རྭ་སྒྲེང་རིན་པོ་ཆེ་རྣམ་གཉིས་ཀྱིས་གནང་བའི་ཕྱག་ཡིག་ཅིག སྐབས་དེའི་དབྱིན་གཞུང་གི་སྲིད་བློན་སོགས་གནད་ཡོད་མི་སྣར་ཕུལ་ཡོད་པ་དེ། ལོ་སྔོན་མར་བོད་མིའི་སྒྲིག་འཛུགས་ལ་ཕྱིར་སྤྲད་གནང་འདུག དེ་རིང་དེ་དང་འབྲེལ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད།

ཕྱི་ལོ་༢༠༢༦ ཟླ་༤ ཚེས་༣ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ། དབྱིན་བོད་གཉིས་བར་གྱི་འབྲེལ་ལམ་དང་སྐུ་ཞབས་བྷེ་སིལ་གུལཌ་ (Basil Gould) ཞེས་པའི་དུས་ཐུང་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་ཡོད། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་གནང་སོང་།
དུས་རབས་༢༠ པའི་ནང་བོད་རང་བཙན་ཡིན་སྐབས། ཕྱི་ལོ་༡༩༤༨ ཟླ་བ་༡༡ ཚེས་༢༠ ཉིན་ཞྭ་སྒབ་པས་སྣེ་ཁྲིད་པའི་བོད་ཀྱི་ཚོང་དོན་སྐུ་ཚབ་ཚོགས་པ་ཞིག་དབྱིན་ཡུལ་དུ་འབྱོར་སྐབས། ༧གོང་ས་སྐུ་ཕྲེང་༡༤ པ་ཆེན་པོ་མཆོག་དང་རྭ་སྒྲེང་རིན་པོ་ཆེ་རྣམ་གཉིས་ཀྱིས་གནང་བའི་ཕྱག་ཡིག་ཅིག སྐབས་དེར་ཕྱི་ལོ་༡༩༣༥ ནས་༤༥ བར་འབྲས་ལྗོངས་སུ་བཞུགས་པའི་དབྱིན་ཇིའི་རྒྱ་གར་གཞུང་གི་ཆབ་སྲིད་དོན་གཅོད་སྐུ་ཞབས་བྷེ་སིལ་གུལཌ་ (Basil Gould) དང་། སྐབས་དེའི་དབྱིན་ཡུལ་གྱི་སྲིད་བློན་ཀེ་ལེ་མེནཊ་ཨེ་ཊི་ལི་ (Clement Attlee)། གཞན་ཡང་གནད་ཡོད་མི་སྣ་རྣམས་ལ་ཕུལ་ཡོད་པས། ཕྱག་ཡིག་དེ་ཉིད་སྐུ་ཞབས་བྷེ་སིལ་གུལཌ་མཆོག་གི་ཚ་མོ་ཧྥ་རན་སིསི་སི་ཀལ་ཊར་ (Frances C. Culter)ཡིས་ལོ་སྔོན་མར། བོད་དེ་འདས་པའི་ལོ་རྒྱུས་ནང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ཁུངས་སྐྱེལ་བྱེད་པའི་ཆེད་དུ། དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ལ་ཕུལ་འདུག
ཁོང་མོས་གསུངས་དོན་ལ། ཁོང་གི་སྤོ་བོ་ལགས་ཀྱིས་ཉར་ཚགས་གནང་བའི་ཡིག་ཆ་གལ་ཆེན་དེ་དག་བོད་མི་ལ་ཕྱིར་སྤྲོད་རྒྱུའི་ཐད་ཁོང་ཚོའི་ནང་མིའི་དབར་གྲོས་བསྡུར་བྱུང་བ་དང་། འདས་པའི་ལོ་རྒྱུས་ནང་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ཁུངས་སྐྱེལ་བྱེད་པར་ཡིག་ཆ་འདི་དག་གལ་ཆེན་པོ་ཡིན་པས། ད་དུང་ཡིག་ཆ་དང་ཅ་དངོས་གལ་ཆེན་གཞན་ཡོད་ན་དེ་དག་ཀྱང་རྩིས་སྤྲོད་གནང་འདོད་ཡོད་ཅེས་གསུངས་འདུག
དེར་བརྟེན་དེ་རིང་སྐུ་ཞབས་ཁོང་དང་འབྲེལ་བའི་དུས་ཐུང་འགྲེམས་སྟོན་འདི་བཞིན་དབུ་འབྱེད་གནང་བ་ཞིག་རེད། སྐུ་ཞབས་བྷེ་སིལ་གུལཌ་ནི་ཕྱི་ལོ་༡༩༡༢ ཙམ་ནས་༡༩༤༥ བར་བོད་དང་འབྲས་ལྗོངས། འབྲུག་ཡུལ་བཅས་ཀྱི་ས་ཁུལ་ཁག་ཏུ་དབྱིན་གཞུང་གི་ཆབ་སྲིད་མི་སྣ་གལ་ཆེན་ཞིག་ཡིན་འདུག ཁོང་༧གོང་ས་སྐུ་ཕྲེང་༡༤ པ་ཆེན་པོ་མཆོག་གི་གསེར་ཁྲི་མངའ་གསོལ་སྐབས་དངོས་སུ་བཅར་མྱོང་མཁན་ཞིག་ཡིན་པས། སྐབས་དེའི་བོད་ཀྱི་གནས་སྟངས་དང་ཆབ་སྲིད་ཀྱི་འཕོ་འགྱུར་སོགས་ཆ་ཚང་མཁྱེན་མཁན་ཞིག་ཡིན་འདུག དེའི་ཕྱིར། ཁོང་གིས་བརྩམས་པའི་དེབ་ “The Jewel in the Lotus” ཞེས་པའི་ནང་དུ་བོད་སྐོར་གྱི་གནས་ཚུལ་ཁུངས་ལྡན་མང་པོ་ཞིག་བཀོད་ཡོད་པས། བོད་དོན་འཐབ་རྩོད་ལ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཏུ་བརྩི་ཡི་འདུག
དེ་རིང་གི་དུས་ཐུང་འགྲེམས་སྟོན་འདིའི་ནང་། སྐུ་ཞབས་ཁོང་གིས་མཁོ་སྒྲུབ་གནང་བའི་སྐབས་དེའི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་དེ་དག་ནི། རྒྱ་ནག་གཞུང་ལ་ཁ་གཏད་གཅོག་རྒྱུའི་ཡིག་ཆ་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་གྱིས་གསུངས་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་དོན་ལ། དབྱིན་ཡུལ་དང་བོད་གཉིས་བར་འདས་པའི་དུས་ཡུན་རིང་པོ་ཞིག་ནས་འབྲེལ་བ་ཟབ་མོ་ཡོད་པ་དང་། ཁོང་ཚོ་དང་ལྷན་དུ་འབྲེལ་ལམ་བྱུང་བའི་ཡིག་ཆ་ཁག་བོད་དོན་འཐབ་རྩོད་ཀྱི་ཁྲོད་དུ་གལ་ཆེན་པོ་ཆགས་ཀྱི་ཡོད། ཁོང་གིས། སྐུ་ཞབས་གུལཌ་ལྟ་བུས་བྲིས་པའི་ལོ་རྒྱུས་དག་ནི་ཉེ་རབས་ལོ་རྒྱུས་ཀྱི་དཔང་པོ་གལ་ཆེ་ཆགས་ཀྱི་ཡོད་ཅེས་གསུངས་སོང་།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
