བོད་རང་བཙན་སློབ་ཕྲུག་ཚོགས་པར་མང་གཙོའི་སྙིང་སྟོབས་ཀྱི་གཟེངས་བསྟོད་ཐོབ་པ།
ཟླ་༧ པའི་ཚེས་༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་འཛམ་གླིང་གི་མང་གཙོའི་ལས་འགུལ་ལྷན་ཚོགས་(World movement for Democracy) ཀྱིས། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཧོང་ཀོང་ལྟ་ཞིབ། ཡུ་གུར་ལས་འགུལ་བཅས་ཚོགས་པ་གསུམ་ལ་མང་གཙོའི་སྙིང་སྟོབས་ཀྱི་གཟེངས་བསྟོད་གནང་ཡོད་ཡོད་པ་རེད།
བྱ་དགའ་དེས་རྒྱ་ནག་གི་དབང་ཆ་གཅིག་སྡུད་ཀྱི་བྱ་སྤྱོད་ལ་ཁ་གཏད་ཀྱིས། གདུང་སེམས་མཉམ་བསྐྱེད་དང་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་ལས་འགུལ་སྤེལ་མཁན་གྱི་ལས་འགུལ་བ་རྣམས་ལ་ཆེ་མཐོང་སྤྲོད་ཀྱི་ཡོད། བྱ་དགའ་དེ་འཛམ་གླིང་གི་མང་གཙོའི་ལས་འགུལ་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་༡༠ པར་གནང་ཡོད་པ་རེད། སྐབས་དེར་ཉིན་གཉིས་རིང་འཛམ་གླིང་ས་ཕྱོགས་གང་ས་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བར་དུ་བསམ་ཚུལ་དང་ལས་འགུལ་སྤེལ་ཕྱོགས་བརྗེ་ལེན་བྱས་ཡོད་པ་རེད།
འཛམ་གླིང་གི་མང་གཙོའི་ལས་འགུལ་ལྷན་ཚོགས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་དུ་འཁོད་དོན། མང་གཙོའི་སྙིང་སྟོབས་ཀྱི་གཟེངས་བསྟོད་དེ་ནི་རྒྱ་ནག་གི་དབང་ཆ་གཅིག་སྡུད་ཀྱི་བྱ་སྤྱོད་ལ་ཁ་གཏད་ཀྱིས། བློ་ཁོག་ཆེན་པོའི་ངང་ནས་གདུང་སེམས་མཉམ་བསྐྱེད་དང་སྙིང་སྟོབས་འཕེལ་བའི་ལས་འགུལ་སྤེལ་མཁན་གྱི་ལས་འགུལ་བ་ཚོར་ཆེ་མཐོང་སྤྲོད་ཀྱི་ཡོད་པ་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཧོང་ཀོང་ལྟ་ཞིབ། ཡུ་གུར་ལས་འགུལ་བཅས་ཚོགས་པ་གསུམ་གྱིས། དྲག་གནོན་ལ་ཁ་གཏད་བྱེད་ཆེད་དུ་མང་གཙོའི་ལས་འགུལ་བ་ཚོར་དགོས་པའི་སེམས་ཤུགས་ཀྱི་མིག་དཔེ་མཚོན་ཐུབ་ཀྱི་ཡོད། མི་རིགས་དང་ཚོགས་སྡེ་འདྲ་མིན་མཉམ་དུ་འབྲེལ་ལམ་བཙུགས། ཚོགས་པ་དེ་དག་གི་ཚོགས་མི་ཚོས་རང་དབང་མེད་པའི་རྒྱལ་ཁབ་ཁག་གི་ནང་དུ་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་ཚུལ་ཁྱབ་སྤེལ་བྱེད་ཆེད་དུ། ན་གཞོན་གྱི་ནུས་སྟོབས་གོང་འཕེལ་དང་། དྲ་ཐོག་ནས་མཉམ་ལས་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་ཅེས་གསུངས་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས། རྒྱ་ནག་གི་དྲག་གནོན་འོག་ནས་རང་དབང་རང་བཙན་ཆེད་དུ་འཐབ་རྩོད་བྱེད་མཁན་རྒྱལ་ཁབ་རྣམས་ཀྱི་ལས་འགུལ་ལ་ཆེ་མཐོང་སྤྲོད་པའི་བྱ་དགའ་དེ་དང་ལེན་བྱེད་པར་དགའ་སྤོབས་ཡོད། འཛམ་གླིང་གང་ས་ནས་ལས་འགུལ་བ་དང་ཚོགས་སྡེ་ཚོ་མཉམ་རུབ་ཀྱི་ཐོག་ནས། འཛམ་གླིང་ནང་མང་གཙོར་ཉེན་ཚབས་ཆེ་ཤོས་ཡིན་པའི་རྒྱ་ནག་དམར་ཤོག་ཚོགས་པར་ཁ་གཏད་གཅོག་བཞིན་ཡོད། རང་དབང་དང་མང་གཙོའི་ཆེད་དུ་རྒྱལ་སྤྱིའི་མཐུན་ཕྱོགས་ཀྱི་ལས་འགུལ་དེ་འབྲེལ་མཐུད་བྱེད་མཁན་གྱི་ཚོགས་པ་སྣེ་ཁྲིད་པ་གཅིག་ཡིན་པའི་ཆ་ནས། ང་ཚོས་བྱ་དགའ་དེ་བོད་ནང་གི་སྤུན་ཟླ་ཚོ་དང་ཁོང་རྣམ་པའི་ཞུམ་པ་མེད་པའི་སྙིང་སྟོབས་ལ་ཆེ་མཐོང་ཆེད་དུ་འབུལ་གྱི་ཡོད། ང་ཚོས་༧གོང་ས་མཆོག་ནས་ལམ་སྟོན་མཛད་པའི་འཚེ་བ་མེད་པའི་ཐབས་ལམ་ལ་མུ་མཐུད་ནས་བསྐྱོད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས།
ཡུ་གུར་ལས་འགུལ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རུ་ཤན་ཨ་བྷེསེ་(Rushan Abbas) ཡིས་གསུང་དོན་ལ། ནུས་རྩལ་དང་ཤུགས་རྐྱེན་ལྡན་པའི་མཐུན་ཕྱོགས་ཚོགས་པ་ཁག་དང་མཉམ་དུ་ང་ཚོར་ཡང་བྱ་དགའ་དེ་གནང་བར་ཐུགས་རྗེ་ཆེ་ཞུ། བོད་དང་ཧོང་ཀོང་ནང་དུ་ལས་འགུལ་སྤེལ་བཞིན་པ་དེ་དག་ནི་ཤར་ཏུ་ཀི་སི་ཐན་ནང་དུ་མི་རིགས་རྩ་མེད་བཟོ་བར་འཐབ་རྒོལ་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་མཚོན་པའི་ལས་འགུལ་ཁྱབ་ཆེ་བའི་ནང་དུ་ཚུད་ཀྱི་ཡོད། ང་ཚོ་ཚང་མའི་དགྲ་བོ་གཅིག་པ་ཡིན་པས། འབྲེལ་ལམ་འདི་རྒྱུན་སྐྱོང་དང་བརྟན་པོ་ཉར་དགོས། དེ་རིང་གི་རྒྱ་ནག་དམར་ཤོག་ཚོགས་པའི་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ནི་མིའི་རིགས་ཡོངས་དང་དམག་འཐབ་བྱེད་པ་དང་གཅིག་མཚུངས་རེད། སང་ཉིན་ཡུ་གུར་མི་རིགས་ལས་བརྒལ་ནས་འཛམ་གླིང་ནང་གི་ཉམས་ཆུང་མི་མང་གཞན་མང་པོ་ཞིག་ལ་གནོད་སྐྱོན་གཏོང་སྲིད་པ་རེད་ཅེས་གསུངས།
ཧོང་ཀོང་ལྟ་ཞིབ་ཀྱི་ལས་བྱེད་(Joey Siu) ཡིས་གསུང་དོན། ནུས་སྟོབས་ལྡན་པའི་མཐུན་ཕྱོགས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཡུ་གུར་ལས་འགུལ་ཚོགས་པ་དང་མཉམ་དུ། ཧོང་ཀོང་ལྟ་ཞིབ་ལ་ཡང་བྱ་དགའ་དེ་གནང་བར་དགའ་སྤོབས་ཡོད། ཧོང་ཀོང་དང་མི་རིགས་གཞན་ལ་རྒྱ་ནག་དམར་ཤོག་ཚོགས་པས་རང་དབང་དང་མང་གཙོར་དྲག་གནོན་ཚབས་ཆེ་རུ་གཏོང་བཞིན་པའི་སྐབས་དེར། ང་ཚོ་ཚང་མས་གདུང་སེམས་མཉམ་བསྐྱེད་ཐོག་ནས་འཐབ་རྩོད་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད། ང་ཚོས་བྱ་དགའ་དེ་ང་ཚོའི་ཚོགས་པའི་ཆེད་དུ་ཙམ་མིན་པར། ཧོང་ཀོང་སྲུང་སྐྱོབ་ཆེད་དུ་འཐབ་རྩོད་ལ་ཞུགས་མཁན་སྙིང་སྟོབས་ཞུམ་པ་མེད་པའི་ཧོང་ཀོང་མི་མང་ཚང་མའི་ཆེད་དུ་བྱ་དགའ་དེ་དང་ལེན་བྱེད་ཀྱི་ཡོད་ཅེས་གསུངས།
འཛམ་གླིང་གི་མང་གཙོའི་ལས་འགུལ་ལྷན་ཚོགས་དེ་ནི་མང་གཙོ་གོང་འཕེལ་གཏོང་མཁན་རྒྱལ་སྤྱིའི་ནང་གི་སྤྱི་དམངས་ཚོགས་སྡེ་ཁག་གི་ལས་འགུལ་བ་དང་། ཤེས་ཡོན་པ། གྲོས་ཚོགས་མི་སྣ། བསམ་བློའི་འགོ་ཁྲིད། གསར་འགོད་པ། སྦྱིན་བདག་སོགས་ཀྱི་འབྲེལ་མཐུད་ཚོགས་པ་ཞིག་རེད། ཕྱི་ལོ་༡༩༩༩ ལོར་ནས་ལྷན་ཚོགས་དེས་མང་གཙོར་རྒྱབ་སྐྱོར་བྱེད་མཁན་བར་དུ་འབྲེལ་མཐུད་བཟོས་པ་དང་། འཛམ་གླིང་གི་ས་གནས་འདྲ་མིན་ནང་དུ་མང་གཙོའི་ཐོག་ལ་བགྲོ་གླེང་དང་ཟབ་སྦྱོང་གོ་སྒྲིག་བྱེད་བཞིན་པ། དེ་བཞིན་ས་གནས་འདྲ་མིན་བར་གྱི་མང་གཙོའི་ལས་འགུལ་བར་གདུང་སེམས་མཉམ་བསྐྱེད་ཡོང་བ་བྱས་ཏེ་མང་གཙོའི་ལས་འགུལ་ལ་ནུས་སྟོབས་གོང་འཕེལ་བྱེད་བཞིན་པ་མ་ཟད། ཕན་ཚུན་བར་ཤེས་བྱ་དང་རྒྱབ་སྐྱོར། ཐབས་བྱུས་བརྗེ་ལེན་ཡང་བྱེད་པར་མཐུན་སྦྱོར་བྱེད་བཞིན་ཡོད་པ་རེད།།
གསར་འའགོད་པ་སྐལ་བཟང་དོན་གྲུབ།
