བོད་རིགས་སྤྱི་མཐུན་ཚོགས་པས་བྱམས་བརྩེའི་ལོ་དང་བསྟུན་བོད་ཀྱི་དུས་སྟོན་སྲུང་བརྩི་ཞུས་པ།

ཨ་རིའི་ནུབ་ཕྱོགས་སུ་ཡོད་པའི་(Seattle)སི་ཡ་ཊལ་བོད་རིགས་སྤྱི་མཐུན་ཚོགས་པས། དུས་ཡུན་ཉིན་གྲངས་གཉིས་རིང་སྙིང་རྗེ་དང་སྤྱི་ཚོགས་ཀྱི་གཟའ་མཇུག་ཅེས་པའི་བརྗོད་གཞིའི་ཐོག་དུས་སྟོན་ཞིག་སྲུང་བརྩི་ཞུས་ཡོད་འདུག་ཅིང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱའི་༧སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་། བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་གཉིས་ཕེབས་ཡོད་འདུག
ཕྱི་ཚེས་༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༢༥ ཟླ་བ་༨ པའི་ཚེས་༩ དང་༡༠ ཉིན་ཨ་རིའི་ནུབ་ཕྱོགས་སུ་ཡོད་པའི་སི་ཡ་ཊལ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ཉིན་གྲངས་གཉིས་རིང་སྙིང་རྗེ་དང་སྤྱི་ཚོགས་ཀྱི་གཟའ་མཇུག་ཅེས་པའི་བརྗོད་གཞིའི་ཐོག་སི་ཡ་ཊལ་དུ་བོད་ཀྱི་དུས་སྟོན་སྲུང་བརྩི་ཞུས་ཡོད་འདུག་ཅིང་། སྐབས་དེར་ཡུལ་སྐོར་སྤྲོ་འཆམ་པ་དང་། ས་གནས་མི་མང་། ས་གནས་བོད་རིགས་བཅས་ཁྱོན་མི་མང་གཅིག་སྟོང་ལྷག་ཙམ་ཞིག་ལྷན་འཛོམས་ཀྱིས་བོད་ཀྱི་དུས་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་འདུག་ལ། དུས་སྟོན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱའི་༧སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་། བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ། སྒྱུ་རྩལ་འགན་འཛིན་ཧེ་ཌི་ཇེག་སན་ (Heidi Jackson, Managing Artistic Director of the Cultural Programs at Seattle Center)བཅས་ཕེབས་ཞུགས་གནང་ཡོད་འདུག དུས་སྟོན་སྐབས་ལས་རིམ་དམིགས་བསལ་གཅིག་ནི་བོད་ཀྱི་ཟློས་གར་ཚོགས་པའི་ལྷ་མོའི་སློབ་ཁྲིད་ཟུར་པ་བསོད་ནམས་ཕུན་ཚོགས་དང་། ཚེ་རིང་དབང་མོ། བཀྲ་ཤིས་དོན་གྲུབ། ལྷ་རིགས་ (Lharik Dhaka) ཚེ་རིང་སྒྲོལ་དཀར་བཅས་དང་། སི་ཡ་ཊལ་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭའི་སློབ་མ་རྣམས་མཉམ་འབྲེལ་གྱིས་ལྷ་མོའི་འཁྲབ་གཞུང་གཟུགས་ཀྱི་ཉི་མ་ཞེས་པ་འབུལ་ལམ་ཞུས་ཡོད་འདུག

ཕྱི་ལོ་༢༠༢༥ ཟླ་བ་༨ པའི་ཚེས་༨ ཉིན་དཔལ་ས་སྐྱའི་༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ། དེ་བཞིན་ཌེ་རེ་ཊོན་ཇེག་སན་(Mr. Drayton Jackson of the Community of Concerns) དང་། དྷའི་ནཱ་སུ་ལི་ཝན་ (Ms. Daina Sullivan Foundation for Homelessness in Kitsap County) དེ་བཞིན་ས་གནས་བོད་རིགས་བཅས་མཉམ་འཛོམས་ཀྱིས་ཝ་ཤིན་ཊོན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་པ་ཞིག་དབུ་འབྱེད་གནང་ཡོད་འདུག ཚོགས་ཁང་གསར་པའི་མིང་དུ་མེས་དབོན་སྲི་ཞུ་ཚོགས་ཁང་ཞེས་བཏགས་གནང་ཡོད་འདུག་པ་དང་། འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་གནས་གནང་བ་ཞིག་ཡིན་པ་རེད་འདུག ཉིན་གཉིས་རིང་གི་དུས་སྟོན་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བསྟུན་བྱམས་བརྩེའི་ལོ་སྲུང་བརྩིའི་ལས་རིམ་ཆ་ཤས་ཤིག་ཡིན་འདུག་པ་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེ་ཧྲིལ་པོའི་མཛད་འཕྲིན་རྣམས་པར་རིས་སུ་འགྲེམས་སྟོན་གནང་བ་དང་། མཉམ་ཞུགས་པ་ཚོས་མགོན་པོ་གང་ཉིད་མཆོག་གི་༸སྐུ་ཚེའི་མཛད་འཕྲིན་ལ་བཀའ་དྲིན་རྗེས་དྲན་ཞུས་ཡོད་འདུག དཔལ་ས་སྐྱའི་༧སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ཀྱིས་ཉིན་རེའི་འཚོ་བའི་ཁྲོད་བྱམས་བརྩེའི་གལ་གནད་དང་། བོད་མི་ཚོས་སྤྱི་ཚོགས་དང་དུས་སྟོན་སོགས་ཀྱི་བརྒྱུད་ནས་བོད་པའི་ངོ་བོ་སྲུང་སྐྱོབ་བྱེད་དགོས་པའི་སྐོར་བཅས་ལ་འགྲེལ་བརྗོད་གནང་ཡོད་འདུག
དེ་བཞིན་འབར་ཀི་རང་བྱུང་ལོ་རྒྱུས་དང་རིག་གཞུང་གི་འགྲེམས་སྟོན་ཁང་ (Burke Museum of Natural History and Culture) དང་མཉམ་འབྲེལ་གྱིས་བོད་པའི་ལག་ཤེས་བཟོ་རིག་ཁག་ཅིག་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་རྙིང་པ་དང་། ས་སྐྱ་ཕུན་ཚོགས་ཕོ་བྲང་གི་༸སྐྱབས་མགོན་བདག་ཆེན་དམ་པ་མཆོག་གིས་ཕྱག་བཟོ་གནང་བའི་མཆོད་རྫས། བོད་ནས་བཟོ་སྐྲུན་གནང་བའི་བོད་པའི་རིག་གཞུང་དང་འབྲེལ་བའི་ལག་ཤེས་ཁག་འགྲེམས་སྟོན་གནང་ཡོད་འདུག འགྲེམས་སྟོན་འདི་ནི་བོད་པའི་གཞོན་སྐྱེས་ཚོར་རིག་གཞུང་ཤུལ་བཞག་དང་དངོས་སུ་འབྲེལ་མཐུད་བྱེད་ཐུབ་པ་དང་། རྒན་རབས་པ་ཚོར་འགྲེམས་སྟོན་འདི་ནི་དྲན་གསོ་ལྟ་བུ་ཞིག་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།