བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་བཀའ་འཁྲོལ་དང་རྒྱབ་སྐྱོར་ཐོབ་འདུག
ཟླ་འདིའི་ཚེས་༣༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཐོག་ཉན་ཞིབ་གནང་རྗེས། ཚོགས་ཆུང་གིས་སྤྱི་མོས་ཐོག་ཁྲིམས་འཆར་ལ་ཆོག་མཆན་བཀའ་འཁྲོལ་གནང་ཡོད་འདུག།

གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཆོག་མཆན་གནང་བའི་ཁྲིམས་འཆར་དེ། དེ་སྔོན་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཧན་ (Jim McGovern) ལགས་དང་། གྲོས་ཚོགས་འཐུས་མི་མ་ཧི་ཀལ་མེག་ཀོལ་ (Michael McCaul) ལགས། གྲོས་ཚོགས་འཐུས་མི་ཇེབ་མར་ཀི་ལི་ (Jeff Merkley) ལགས། གྲོས་ཚོགས་འཐུས་མི་ཀྲོཊ་ཡོང་ (Todd Young) ལགས་བཅས་ནས་ངོ་སྤྲོད་གནང་བའི་ཁྲིམས་འཆར་གྱི་བསྐྱར་བཅོས་ཡིན་ཞིང་། ཁྲིམས་འཆར་དེ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཨ་རིའི་གཞུང་འབྲེལ་སྲིད་བྱུས་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་། ༸གོང་ས་མཆོག་གི་སྐུ་ཚབ་བམ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་ཡོང་ཐབས་ཐད་རྒྱབ་སྐྱོར་བསྐྱར་ནན་གནང་བ་ཞིག་ཆགས་ཡོད་འདུག
ཁྲིམས་འཆར་འདིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་གནའ་དུས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་ལོ་རྒྱུས་ཐོག་ནས་བདེན་པ་མིན་པའི་གསལ་སྟོན་བྱེད་པ་དང་སྦྲགས། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། དགའ་ལྡན་ཕོ་བྲང་ཐེ་བའི་སྒྲིག་འཛུགས་ཀྱི་སྐོར་འཁྱོག་བཤད་བྱེད་བཞིན་པར་ཁ་གཏད་གཅོག་རྒྱུར་དབང་ཚད་སྤྲད་ཡོད་འདུག།
ཁྲིམས་འཆར་དེའི་ནང་ཕྱི་ལོ་༢༠༠༢ ནས་༢༠༡༠ བར་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་བར་གྲོལ་མོལ་ཐེངས་ཁ་ཤས་གནང་ཡོད་ཀྱང་། ཕྱི་ལོ་༢༠༡༠ ནས་རྒྱ་གཞུང་གིས་གྲོས་མོལ་མཚམས་འཇོག་བྱས་ཡོད་པ་དང་། བོད་ཅེས་པ་ནི་བོད་རང་སྐྱོང་ལྗོངས་ཞེས་པ་དེ་གཅིག་པུ་མ་ཡིན་པ། ཡུན་ནན་དང་སི་ཁྲོན། ཀན་སུའུ་དང་མཚོ་སྔོན་བཅས་ཀྱི་ཁོངས་སུ་ཡོད་པའི་བོད་པའི་ས་ཁུལ་དག་ཀྱང་ཚུད་ཡོད་པ་གསལ་སྟོན་བྱས་ཡོད་འདུག
རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་༢༡ གི་འགོ་ཁྲིད་རྣམས་ཨ་རིའི་གྲོང་ཁྱེར་སན་ཧྥེ་རན་སི་སི་ཁོ་ལ་འཛོམས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་ཚོགས་ཆེན་ཐེངས་༣༠ པ་དེ་ཚོགས་ཡོད་པ་དང་སྟབས་བསྟུན། ཟླ་འདིའི་ཚེས་༡༥ ཉིན་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡ་(California) ལ་ཐུག་འཕྲད་བྱས་པའི་རྗེས། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་ཐོག་ཁྲིམས་འཆར་ལ་ཆོག་མཆན་བཀའ་འཁྲོལ་གནང་བ་ཞིག་ཆགས་ཡོད་འདུག ཨ་རིའི་ཕོ་བྲང་དཀར་པོས། ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་སྐབས་སྲིད་འཛིན་བྷ་ཌན་གྱིས་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐོག་སེམས་འཚབ་བྱེད་ཡོད་རེད་ཅེས་བརྗོད་ཡོད་འདུག
གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཆོག་མཆན་བཀའ་འཁྲོལ་གནང་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།