བོད་རྒྱལ་ལོ་༢༡༥༠ ལོའི་བོད་དང་བཙན་བྱོལ་ནང་གི་གསར་འགྱུར་ཆེ་ཁག་ཉི་ཤུ།

༡ བོད་རྒྱལ་ལོ་༢༡༥༠ བོད་ཟླ་༡ ཚེས་༡༡ ་ཉིན་གྱི་ཞོགས་པ་བོད་ནང་གི་ཆུ་ཚོད་༨ ཡས་མས་སུ། རང་ལོ་༢༣ ཅན་གྱི་དབྱངས་མཚོ་ཟེར་བ་ཞིག་ལ། ཕྱི་ཕྱོགས་སུ་པར་རིས་སོགས་བརྒྱུད་སྐུར་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། བོད་ཟླ་༩ ཚེས་༦ ་ཉིན་མགོ་ལོག་དར་ལག་རྫོང་སྤྱི་བདེ་ཅུས་ཀྱིས་མང་ཚོགས་ཀྱི་ཐོན་སྐྱེད། རྒྱུན་ལྡན་གྱི་འཚོ་བའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཐེབས་ཡོད་ཚུལ་བརྗོད་ནས་མགོན་རྣམ་དང་།མགོན་ཚེ། འཇིགས་མེད་བསྟན་འཛིན་དང་དཔལ་ལྡན། བློ་ཆོས། རྣམ་རྒྱལ། ནོར་སྡེས།སྐལ་བཟང་བཅས་ཁྱོན་བོད་མི་བརྒྱད་འཛིན་བཟུང་བྱས་ཡོད་འདུག གཞན་ཡང་།བོད་ནང་གི་ཀན་སུའུ་ཐེ་བོ་རྫོང་གཡིས་པ་ཡུལ་ཚོའི་བཀྲ་ཤིས་དགོན་པའི་དགེ་འདུན་པ་དཀོན་མཆོག་གྲགས་པ་རྒྱུ་རྐྱེན་གང་ཡིན་མི་གསལ་བའི་ཐོག་ནས། རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པའི་གནས་ཚུལ་ཞིག་བོད་ཟླ་༩ ་ནང་ཐོན་ཡོད་མ་ཟད། བོད་ཟླ་༩ ཚེས་༡༢ མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོ་ནས་ཡིན་པའི་བོད་རིགས་བུད་མེད་དབང་ཕྱུག་མཚོ་ཞེས་པ་ཞིག་རྒྱ་གཞུང་གིས་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་བདུན་ཕྲག་གཉིས་ཙམ་ཕྱིན་རྗེས། ཁོང་མོས་རྒྱ་གར་དུ་ཡོད་པའི་བོད་མི་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ། དེ་བཞིན་༧གོང་ས་མཆོག་གི་སྐུ་པར་སྤྱི་ཚོགས་བརྒྱུད་ལམ་དུ་བསྐུར་བ་སོགས་བཤད་ཡོད་འདུག་པ་མ་ཟད། ཁོང་མོའི་ཁྱོ་གའི་ཁ་པར་ཡང་བཙན་འཕྲོག་བྱས་ཏེ་ཕྱིར་མ་སྤྲད་པར་བརྗོད་འདུག བོད་ཟླ་༤ ནང་ལྷ་གདོང་དགོན་པའི་དགེ་འདུན་པ་ཚོས་ཞབས་བརྟན་སྒྲུབ་བཞིན་པའི་སྐབས་སུ་རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་སྔོག་བཤེར་བྱས་པ་བརྒྱུད། དགོན་པའི་ནང་༧གོང་ས་མཆོག་གི་སྐུ་པར་ཉར་ཡོད་པའི་ཉེས་མིང་བཙུགས་ཏེ་དགོན་པའི་དོ་དམ་དང་གཟིགས་སྐྱོང་གནང་མཁན་དགེ་འདུན་པ་འབྲུག་རྒྱལ་ལགས་འཛིན་བཟུང་བྱས་ཡོད་འདུག བོད་ཟླ་༡༠ ཚེས་༡༡ ཉིན་སེར་ཤུལ་རྫོང་སྐར་ཆེན་ཤང་ནས་ཡིན་པའི་བོད་རིགས་བུད་མེད་མཚོ་མོ་དང་ཉི་སྒྲོན་ཞེས་པ་གཉིས་ཀྱིས་འཕྲིན་ཕྲན་ཚོགས་པའི་ནང་། ནང་ཆོས་ངོ་སྤྲོད་དང་དགེ་སྒྲུབ་སྡིག་སྤོང་གི་སྒྲ་ཐག་བརྒྱུད་བསྐུར་བྱས་པའི་ཉེས་འཛུགས་འོག སེར་ཤུལ་རྫོང་སྐར་ཆེན་ཤང་གི་ཉེན་རྟོག་པས་འཛིན་བཟུང་གིས་རྫོང་ཉེན་རྟོག་ཁང་དུ་བཙན་ཁྲིད་བྱས་ཡོད་ཡོད་འདུག བོད་ཟླ་༡༠ ཚེས་༢༩ ཉིན་སྐྱེ་རྒུ་མདོ་ནས་བོད་མི་བློ་དགའ་དང་ཉི་མ། ཚེ་དར། རིན་ཆེན་ཞེས་པའི་སྐྱེས་པ་བཞི་ལ་མ་ཎི་རྡོ་བརྐོས་ཆེད་ཞལ་འདེབས་མང་པོ་བསྡུས་ཏེ་ཁྲིམས་འགལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་འདུག
༢ བོད་རྒྱལ་ལོ་༢༡༥༠ བོད་ཟླ་༣ ཚེས༡༨ ཉིན་གྱི་ཞོགས་པ་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་སྐུ་གྲོངས་འདུག་མ་ཟད། བོད་རྒྱལ་ལོ་༢༡༥༠ བོད་ཟླ་༡༡ ཚེས་༢༡ ཉིན། བོད་ནང་གི་ཞོགས་པའི་ཆུ་ཚོད་༣དང་སྐར་མ་༡༨ ཡས་མས་སུ་ཟླ་འོད་འོག་གི་པོ་ཏ་ལ་དང་འཛོམས་པ་ཡག་མོ་སོགས་གཏོང་མཁན་བོད་ཀྱི་གཞས་པ་གྲགས་ཅན་གངས་བཞུགས་ལགས་སྙུན་གཞིའི་དབང་གིས་གློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག དེ་བཞིན་བོད་ཟླ་༡༡ ཚེས་༡༥ ཉིན་བོད་སྙེ་མོ་རྫོང་རི་ཚོ་གྲོང་ཚོའི་བུ་མོ་ཚེ་སྒྲོན་ཞེས་པ་ཞིག་སྙེ་མོ་རྫོང་དང་ས་གནས་ཉེན་རྟོག་པས་བཙན་འཁྲིད་བྱས་རྗེས་ཉིན་གྲངས་མང་པོར་གོ་ཐོས་མེད་པར་གྱུར་ཡོད་ཀྱང་། བོད་ཟླ་༡༢ ཚེས་༤ ཉིན་བུ་མོའི་ཁྱིམ་མི་ཚོར་ཚེ་སྒྲོན་ལགས་སྙེ་མོ་རྫོང་མི་མང་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་ཚུལ་གྱི་གནས་ཚུལ་ནང་མིར་འབྱོར་ཡོད་འདུག
༣ བོད་རྒྱལ་ལོ་༢༡༥༠ བོད་ཟླ་༥ ཚེས་༢༣ ་ཉིན་ཨ་ཉ་སེང་སྒྲའི་ཁྲིམས་རྩོད་པ་ལིན་ལགས་ཀྱིས་ཞེ་ཡན་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ཁང་དྲུག་པར་ཕྱིན་ནས་ཨ་ཉ་སེང་སྒྲའི་གོང་གཏུག་གྱོན་དོན་གྱི་སྐབས་ཐོག་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐབས་བྱས་འདུག་ཀྱང་། འབྲེལ་ཡོད་ལས་བྱེད་པས་ཡ་ལན་ཚུལ་མཐུན་མ་བྱས་པ་མ་ཟད། རྗེས་སུ་མུ་མཐུད་གོང་གཏུག་གི་གནས་ཚུལ་རྒྱུས་ལོན་བྱེད་སའི་ཁྲིམས་ཁང་གི་འབྲེལ་གཏུག་ཨང་གྲངས་ཤིག་ཀྱང་མཁོ་སྤྲོད་བྱས་མེད་པ་རེད་འདུག
༤ ཆོས་འཁོར་དུས་ཆེན་དང་བསྟུན་ནས་མདོ་སྨད་མང་རྫོང་དུ་དུས་འཁོར་དབང་ཆེན་གནང་རྒྱུར་ས་གནས་གཞུང་གི་ཆོག་མཆན་ཐོབ་ཡོད་པ་བཞིན། དབང་གི་སྔོན་འགྲོའི་ས་ཆོག་དང་དཀྱིལ་འཁོར་གྱི་ཐིག་རྡུལ་ཚོན་སོགས་ཡོངས་སུ་གྲུབ་ཟིན་ཞིང་། བླ་མ་གདན་འདྲེན་ཞུས་ཏེ་ཞོགས་སྔ་པོ་ནས་དབང་ཞུ་མཁན་སྟོང་ཕྲག་མང་པོ་འཛོམས་ཡོད་འདུག་ཀྱང་། བོད་ཟླ་༦ ཚེས་༢ སྔ་དྲོའི་ཆུ་ཚོད་༦ ་ཡས་མས་སུ་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་མང་པོ་ཞིག་གློ་བུར་དུ་ཡོང་སྟེ། བླ་མ་བཙན་གྱིས་ཕྱིར་ཕེབས་བཅུག་པ་དང་། དུས་འཁོར་དབང་ཆེན་གནང་མི་ཆོག་པར་བརྗོད་དེ་ཕྱིའི་གུར་དང་ནང་གི་དཀྱིལ་འཁོར་བཤིག་ཏུ་བཅུག་པ་མ་ཟད། དེ་ཡང་དཀྱིལ་འཁོར་ཐོག་ཆུ་བླུགས་ནས་གཏོར་བཤིག་བཏང་ནས་དུས་འཁོར་དབང་ཆེན་གནང་བཅུག་མི་འདུག
༥ བོད་རྒྱལ་ལོ་༢༡༥༠ བོད་ཟླ་༦ ཚེས་༣ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་བོད་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རྨོག་རུ་སྡེ་པའི་རྟ་རྒྱུག་རྩེད་འགྲན་སྐབས་སུ་སོ་སོའི་རླངས་འཁོར་ནང་ཚོང་རྫས་ཙག་ཙིག་རིགས་འཚོང་མཁན་བོད་མི་ཁག་ཅིག་ཁྲིམས་འགལ་གྱི་ཉེས་མིང་གཡོགས་ཏེ་འཛིན་བཟུང་དང་དངུལ་ཆད་བཅད་ཡོད་འདུག བོད་ཟླ་༧ པ་ཡས་མས་ཙམ་ལ་བོད་ནང་གི་གསེར་རྟ་ཁེ་སྐོར་ཡུལ་ཚོ་ནས་ཡིན་པའི་བོད་མི་ཕྱུག་དར། དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ལོ་གཉིས་རེའི་ཁྲིམས་ཐག་བཅད་དེ་ད་ཆར་གཡག་རྔ་བཙོན་ཁང་དུ་ཡོད་འདུག བོད་ཟླ་༩ ་པའི་ནང་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་ཚོའི་ཡོ་སྟག་སྡེ་བ་ནས་ཡིན་པའི་གླུ་བ་དཔལ་ལྡན་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཏེ། དུས་ཡུན་གང་འཚམ་རིང་བཀག་ཉར་དང་དྲི་རྩད་བྱས་ཐོག་གསང་བའི་ངང་ནས་ལོ་ངོ་གསུམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
༦ རྩོམ་པ་པོ་དྷི་ལྷ་ལྡན་ཁྲིན་ཏུའུ་གྲོང་ཁྱེར་ནས་གློ་བུར་དུ་འཛིན་བཟུང་བྱས་ནས་ལོ་གཉིས་ལྷག་གི་རིང་ལ་ནང་མི་ཉེ་འབྲེལ་སུ་ལའང་ཐུག་འཕྲད་བྱེད་མ་བཅུག་པར་བཀག་ཉར་འདྲི་རྩད་བྱས་མཐར། ནང་མི་ལ་བརྡ་ལན་ཙམ་ཡང་མ་སྤྲད་པར་གསང་བའི་ཐོག་ནས་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། བོད་ཟླ་༦ པའི་ཟླ་མགོར་སྐུ་གཟུགས་ཀྱི་གནས་སྟངས་ཇི་ཡིན་ལ་མ་ལྟོས་པར་བཙོན་གྲོལ་ཐོབ་ཡོད་པ་རེད། གཞན་ཡང་། བོད་ཀྱི་ཚོང་པ་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལ་ཉེན་རྟོག་པས་རུབ་རྡུང་ཐེངས་ཁ་ཤས་བྱས་ཡོད་པ་མ་ཟད། བོད་ཟླ་༡༡ ནང་རྒྱ་གཞུང་གིས་མགོན་པོ་སྐྱིད་བཟའ་ཚང་གཉིས་ཀ་འཛིན་བཟུང་བྱས་ནས་ཉིན་མང་པོའི་རྗེས་གཞི་ནས་གློག་བཀྲོལ་བཏང་ཡོད་འདུག
༧ བོད་རྒྱལ་ལོ་༢༡༥༠ ལོའི་བོད་ཟླ་༦ ཚེས་༣༠ ཉིན་མི་ལོ་༡༦ རིང་བཙོན་དུ་ཚུད་མྱོང་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་བོད་དུ་སྐུ་གྲོངས་ཡོད་པ་མ་ཟད། བོད་ཟླ་༡༠ ཚེས་༢༩ ་ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དཀོན་མཆོག་བློ་གྲོས་ཀྱང་བློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག
༨ བོད་རྒྱལ་ལོ་༢༡༥༠ བོད་ཟླ་༧ ཚེས་༣ དང་རེས་གཟའ་སྤེན་པའི་དགོང་མོར་གདོང་རས་གྱོན་མཁན་མི་འགའ་ཤས་ཀྱིས་བོད་ཀྱི་སྐད་ཡིག་ལས་འགུལ་བ་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་མགོ་ལོག་དར་ལག་རྫོང་གི་མགྲོན་ཁང་ཞིག་ཏུ་གདོང་རས་གྱོན་པའི་མི་འགས་རུབ་རྡུང་བྱས་ཡོད་པ་མ་ཟད། བོད་ཟླ་༩ ཚེས་༣ ཉིན་བཀྲ་ཤིས་དབང་ཕྱུག་སླར་ཡང་རྒྱ་གཞུང་གི་ཉེན་རྟོག་པས་གཅར་བརྡུང་དང་ཁོང་གི་རླངས་འཁོར་འཁྲུད་ས་བཙན་གྱིས་སྒོ་རྒྱག་བཅུག་ཡོད་འདུག དེ་བཞིན་ལོ་འདིའི་བོད་ཟླ་༩ པའི་ནང་རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་ས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དབང་ཆེན་ལ་གཅར་རྡུང་བཏང་ནས་ཕོ་བའི་ནང་རྨས་སྐྱོན་ཆེན་པོ་བཟོས་ཡོད་པར་བརྟེན། ཁོང་ཉིད་ལྷ་སའི་དམག་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག གཞན་ཡང་། བོད་ཟླ་༩ པའི་ནང་འདམ་གཞུང་རྫོང་སྦྲ་ཁ་གྲོང་ཚོ་ནས་ཡིན་པའི་བོད་པའི་བུད་མེད་སེམས་སྐྱིད་སྒྲོལ་མ་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་པའི་རྗེས། བོད་ཟླ་༡༠ ཚེས་༢༠ ཉིན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་ཚུལ་གྱི་ཉེས་མིང་འོག ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་བརྡ་ཐོ་ཁོང་མོའི་ནང་མི་ཚོར་འབྱོར་ཡོད་འདུག
༩ བོད་རྒྱལ་ལོ་༢༡༥༠ བོད་ཟླ་༧ ་ཚེས་༡༢ ་ཉིན་གྱི་སྔ་དྲོར། ཉེན་རྟོག་པ་དུ་མས་སྣེ་ཁྲིད་པའི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་ཤང་སེར་ལྟེ་གྲོང་ཚོ་ནས་ཁྱིམ་ཆས་སྣ་ཚོགས་བླུགས་པའི་ཟོག་འདྲེན་རླངས་འཁོར་དང་སྤྱི་སྤྱི་རླངས་འཁོར་མང་པོ་ཞིག་བང་དུ་བསྒྲིགས་ཏེ། ཁྱོན་ཡོངས་ནས་གནས་སྤོ་དང་ཁག་བགོས་ལག་བསྟར་གྱི་རྩ་དོན་ཟེར་བ་ལྟར་དུ། མི་འདོད་བཞིན་དུ་འབྲོག་པའི་ཁྱིམ་ཚང་༡༩༦འདམ་གཞུང་རྫོང་ནས་སྟོད་ལུང་བདེ་ཆེན་ཡུལ་ཚོའི་གྲོང་ཁུག་སྐམ་པོ་ཞིག་ཏུ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའི་མིང་བྱང་སྙན་པོ་ཞིག་བཏགས་ཏེ་བསྐྱལ་ཡོད་པ་རེད།
༡༠ བོད་རྒྱལ་ལོ་༢༡༥༠ ལོའི་བོད་ཟླ་༡༡ ཚེས་༡༥ ་ཉིན་བོད་ནང་གི་བྲག་གཡབ་རྫོང་གི་ས་ཆ་འཁོར་ར་ཞེས་པའི་རིའི་སྒང་དུ་མེ་ཤུགས་འཕུར་མདའི་ཆག་རོ་ལྟ་བུའི་ལྕགས་མདོང་ཞིག་ཟག་སྟེ་རི་མེ་ཆེན་པོ་ཤོར་འདུག
༡) བོད་རྒྱལ་ལོ་༢༡༥༠ བོད་ཟླ་༢ ཚེས་༢༣ ཉིན་གྱི་བལ་ཡུལ་གྱི་ཆུ་ཚོད་༩:༣༠ སྟེང་༧སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་ཡོད་འདུག བོད་ཟླ་༤ ཚེས་༣ ཉིན་ལོ་ཙྰ་བ་དང་རྩོམ་པ་པོ། གསར་འགོད་པ་དང་རྩོམ་སྒྲིག་པ་སོགས་བྱས་མྱོང་མཁན་ཚེ་དབང་རྟ་མགྲིན་ལགས་འབྲས་ལྗོངས་སྒང་ཏོག་ལ་ཡོད་པའི་རང་ཁྱིམ་དུ་སྐུ་གྲོངས་ཡོད་པ་དང་། སྐབས་དེར་དགུང་གྲངས་བདུན་ཅུ་དོན་གྲངས་ལ་ཕེབས་ཡོད་འདུག གཞན་ཡང་། བོད་ཟླ་༩ ཚེས་༡༤ ཉིན་གྱི་ཕྱི་དྲོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་ནས་སྔ་ཕྱིར་ལས་ཡུན་བཞིའི་རིང་སྤྱི་འཐུས་གནང་མྱོང་མཁན་གྲའུ་དཔོན་རིན་ཆེན་ཚེ་རིང་དགུང་ལོ་༩༣ ཐོག་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་འདས་གྲོངས་སུ་གྱུར་ཡོད་འདུག གཞན་ཡང་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་དགུང་ལོ་༩༡ ལ་ཕེབས་པའི་༧སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་བལ་ཡུལ་སྟག་མོ་ལུས་སྦྱིན་དུ་ཡོད་པའི་གདན་ས་ཁྲ་འགུ་བཀྲ་ཤིས་ཡང་རྩེ་དགོན་དུ་དགོངས་པ་མྱ་ངན་ལས་འདས་ཡོད་འདུག བོད་ཟླ་༡༠ ཚེས་༡༡ ཉིན་གྱི་ཕྱི་དྲོར་བོད་ནང་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཕེབས་པའི་ཚོགས་མི་དང་བོད་མི་མང་སྤྱི་འཐུས་ཟུར་པ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་ལགས་ཀང་ར་རྫོང་ཀྲང་ཀྲ་སྨན་ཁང་དུ་འདས་གྲོངས་སུ་གྱུར་འདུག བོད་ཟླ་༡༢ ཚེས་༡༩ ཉིན་གྱི་ཞོགས་པ་རྒྱ་གར་གྱི་ཕྱག་ཚོད་༦།༢༥ ཐོག་ལྡི་ལི་བོད་ཁང་གི་དབུ་འཛིན་ཟུར་པ་དང་སྐུ་སྒེར་དྲུང་ཆེ་ཟུར་པ། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ཟུར་པ། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་མོ་ཚོགས་ཆེན་སྤྲུལ་སྐུ་རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱལ་མཚན་མཆོག་དགུང་གྲངས་༨༢ ཐོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག བོད་ཟླ་༡༢ ཚེས་༢༠ ཉིན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་སྲས་མོ་ཆོས་སྐྱིད་ལགས་དགུང་གྲངས་༧༤ ཐོག་ཨ་རིའི་ནིའུ་ཡོག་ཏུ་སྐུ་ཚེ་མ་བརྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
༢. བོད་རྒྱལ་ལོ་༢༡༥༠ ལོ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་བཙོན་གྲོལ་ཐོབ་རྗེས་བཞུགས་སྒར་དུ་ཆེས་ཐོག་མ་འབྱོར་ཞིང་། བོད་ཟླ་༥ཚེས་༢༥ ་ཉིན་༧གོང་ས་མཆོག་མཇལ་བའི་སྐལ་བཟང་གི་གོ་སྐབས་ཐོབ་ཡོད་འདུག གཞན་ཡང་། བོད་ཟླ་༡༡ ཚེས་༢༤ ཉིན་བོད་རང་བཙན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ཀྱིས་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་སའི་མངའ་སྡེ་པན་སི་ཝེ་ནེ་ཡའི་ཧྥི་ལ་ཌ་ཧྥེ་ཡར་ཡོད་པའི་རང་བཙན་ཚོགས་ཁང་ཆེན་མོའི་(Independence Hall) མདུན་དུ་བོད་རང་བཙན་ཁུངས་སྐྱེལ་དང་རྒྱབ་སྐྱོར་འཚོལ་ཆེད། ལོ་གཅིག་རིང་གི་ལས་འགུལ་གྱི་ཉིན་༢༣༥ ཟིན་ཡོད་འདུག
༣ འདས་པའི་ལོ་ངོ་གཅིག་ལྷག་གི་རིང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མི་སྒེར་སོགས་ཀྱིས་ངོ་རྒོལ་དང་ཞུ་གཏུག་ཐེངས་མང་བྱས་པར་བརྟེན། བོད་རྒྱལ་ལོ་༢༡༥༠ ཡིའི་ལོ་དཀྱིལ་ཙམ་ནས་ཨ་རི་ལ་རྟེན་གཞི་བྱས་པའི་ཐར་མོ་ཧྥེ་ཤར་བཟོ་ལས་ཁང་གིས་རྒྱ་ནག་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་འཚོང་རྒྱུ་མཚམས་འཇོག་བྱས་ཡོད་འདུག།
༤ བོད་ཟླ་༨ ཚེས༤ ནས་འགོ་འཛུགས་གནང་བའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་མུ་མཐུད་འཚོགས་མ་ཐུབ་པར་ཐེངས་གཉིས་འཕར་འགྱངས་ཀྱིས་བོད་ཟླ་༢་ཚེས་༣ ནས་༧ བར་ལས་ཉིན་བཞི་རིང་བསྐྱང་གཏན་འཁེལ་འདུག
༥ བོད་རྒྱལ་ལོ་༢༡༥༠ བོད་ཟླ་༡༠ ཚེས་༢ ཉིན་ཨ་རིའི་གྲོང་ཁྱེར་སན་ཧྥེ་རན་སི་སི་ཁོ (San Francisco) ་ཡི་ནང་ཨ་རྒྱ་གཉིས་ཀྱི་སྲིེད་འཛིན་ཐུག་འཕྲད་སྐབས། བོད་པའི་གཞོན་སྐྱེས་གཙོས་པའི་བོད་མི་མང་པོས་ས་གནས་གང་སར་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག དེ་བཞིན་ཡུ་གུར་དང་ཧོང་ཀོང་། ཐའེ་ཝན་སོགས་ཀྱང་འཛོམས་ཡོད་འདུག ལྷག་པར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བུ་མོ་ཚེ་ལྷ་ཡིས་ཨ་རིའི་གྲོང་ཁྱེར་སན་ཧྥེ་རན་སི་སི་ཁོ (San Francisco) ་ཡི་ནང་རྒྱ་ནག་གི་སྲིད་འཛིན་དང་ཨ་རིའི་ཚོང་པ་ཚོའི་བར་ཐུག་འཕྲད་བྱེད་སའི་གསོལ་མགྲོན་ཁང་གི་མདུན་དུ་སྒྲེང་འཛུགས་བྱས་པའི་དར་ཤིང་ཞིག་གི་ཐོག་ཏུ་འཛེགས་ཏེ་བོད་ཀྱི་རྒྱལ་དར་གཡུག་བཞིན་དུས་ཡུན་ཚོུད་༥ ་ལྷག་གི་རིང་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
༦ བོད་ཟླ་༡༠ ཚེས་༢༢ ཉིན་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་དང་མཐའ་ཡས་རྡོ་རྗེ་རྣམ་གཉིས་ཕན་ཚུན་མཇལ་འཕྲད་ཐེངས་འགའ་དང་བཀའ་བསྡུར་གཟབ་ནན་གནང་རྗེས། ཀམ་ཚང་གི་ཆིག་སྒྲིལ་ལ་དགོངས་ཏེ་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་། ་ཡང་སྲིད་དེ་ཉིད་མཚན་དོན་མཚུངས་པ་ཞིག་ཡོང་བའི་དོན་དུ་བསླབ་པ་སློབ་གཉེར། དབང་ལུང་མན་ངག་འབུལ་རྒྱུ་སོགས་ཀྱི་འགན་ཀརྨ་པ་རྣམ་གཉིས་ཐུན་མོང་ནས་འཁུར་རྒྱུ། ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སྐོར་ནི་ཀཾ་ཚང་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས། དེ་ལ་འབྲེལ་མེད་སུས་ཐེ་ཇུས་བྱས་ཀྱང་ངོས་ལེན་མི་བྱེད་རྒྱུ་ཞེས་འཁོད་ཡོད་པའི་ཐུན་མོང་གི་གསལ་བསྒྲགས་ཤིག་སྤེལ་འདུག
༧ བོད་ཟླ་༡༡ པོའི་ནང་ (Great Lakes Colleges Association) གྱིས་དྲྭ་ཐོག་ཏུ་ཕྱི་ལོ་༢༠༢༣ ལོ་སྙན་ངག་དང་རྟོག་སྒྲུང་སོགས་ཀྱི་བྱ་དགའ་ཐོབ་མཁན་སུ་དང་སུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་བ་ལྟར། བུད་མེད་རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་ཀྱིས་དབྱིན་ཡིག་ཐོག་ཏུ་བརྩམས་པའི་རྟོག་སྒྲུང་ (We Measure the Earth with Our Bodies) ཞེས་པར་ཕྱི་ལོ་༢༠༢༣ ་ལོའི་རྟོག་སྒྲུང་གི་བྱ་དགའ་ཐོབ་འདུག གཞན་ཡང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྒེར་འཛིན་ལ་གདོང་ལེན་གྱིས་བོད་ནང་རང་དབང་དང་མང་གཙོའི་ཆེད་སྐུ་ལས་ལྷོད་མེད་སྐྱོན་པར་ཆེ་བསྟོད་ངོས་འཛིན་དུ་དམར་ཤོག་ཚོགས་པའི་གདུག་རྩུབ་མྱོང་མཁན་ལྷན་ཚོགས་ཀྱིས་ཕྱི་ལོ་བོད་ཟླ་༤ ཚེས་༢༡ ཉིན་རྒྱལ་ཡོངས་མེ་ཏོག་ཞག་འཁོར་དུས་དྲན་ཐེངས་༡༦ པའི་ཐོག་ཀྲུ་མན་རེ་གྷན་རང་དབང་གི་གཟེངས་རྟགས་(Truman-Reagan) ་དེ་ཁོང་ལ་ཕུལ་ཡོད་འདུག དེ་བཞིན། རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་ཐོག་ནས་གྲངས་ཉུང་མི་རིགས་ལ་གནོད་འཚེ་གཏོང་བཞིན་པའི་གནས་ཚུལ་རྣམས་འཛམ་གླིང་མི་མང་ལ་གོ་རྟོགས་སྤེལ་བ་དང་། རྒྱ་ནག་གཞུང་གི་དམ་དྲག་དང་བཀག་འགོག་ཆེ་ཡང་བོད་ཕྱི་ནང་གི་གནས་ཚུལ་རང་དབང་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་ནུས་པའི་འཕྲུལ་རིག་མཁོ་ཆས་བཟོ་སྐྲུན་བྱས་པ། འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་རང་དབང་སྲུང་སྐྱོབ་ཀྱི་ལས་དོན་ཁག་ལ་བསྔགས་བརྗོད་ཀྱིས་བོད་ཟླ་༡༢་ཚེས་༨ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཟེངས་རྟགས་དེ་བཀྲས་མཐོང་ལྷ་སྒྲོན་ལ་གནང་ཡོད་འདུག
༨ བོད་ཟླ་༡༡ ཚེས་༢༡ ནས་བོད་ཟླ་༡༢ ཚེས་༨ བར་གྱི་གོ་ལའི་མཛངས་མའི་འགྲན་བསྡུར་སྐབས་༡༠ པ་དེ་ཀམ་བྷོ་ཊི་ཡ་དང་ཝེ་ཐེ་ནམ་གཉིས་ཀྱི་ནང་འཚོགས་པའི་སྐབས། རྒྱ་ནག་གཞུང་གིས་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་བསྟན་འཛིན་དཔལ་སྒྲོན་ལ་གནོན་ཤུགས་སྤྲད་དེ་འགྲན་བསྡུར་དངོས་སུ་བྱེད་སྐབས་ཞལ་ནས་བོད་རྒྱལ་ལོ་ཞེས་ལབ་མི་ཆོག་པ་དང་ལག་ཏུ་བོད་པའི་རྒྱལ་དར་ཁུར་མི་ཆོག་པ། མིང་བྱང་སྒང་ལ་བོད་ཅེས་འབྲི་མི་ཆོག་པ་སོགས་ཀྱི་ཆ་རྐྱེན་བཏོན་པ་མ་ཟད། ཀམ་བྷོ་ཊི་ཡ་ནས་ཝེ་ཐེ་ནམ་དུ་འགྲོ་བའི་སྐབས་སུ་རྒྱ་མིའི་ལག་འཁྱེར་ཁུར་ནས་འགྲོ་དགོས་པ་སོགས་ཀྱི་གནོན་ཤུགས་སྤྲད་སྟབས། དོ་བདག་གིས་ཁོང་ཚོའི་དགོས་འདུན་ཁས་མ་བླངས་པས་མཐར་མཛངས་མའི་འགྲན་བསྡུར་ནང་དུ་མཉམ་ཞུགས་མི་ཆོག་ཅེས་ཕྱིིར་འབུད་བཏང་ཡོད་འདུག
༩ བོད་ཟླ་༡༢ པའི་ནང་ཚོགས་པའི་ཨེ་ཤི་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༢ པ་དེ་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་འདུག་པ་དང་།ཚོགས་ཆེན་དེའི་ཐོག་༧གོང་ས་མཆོག་འཛམ་གླིང་ནང་པ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ལ་ངོས་འཛིན་རྒྱུ་དང་། ༧རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་ཐད་༧རྒྱལ་བ་རིན་པོ་ཆེ་སྐུ་ཉིད་ཀྱིས་ཐུགས་ཐག་གཅོད་གནང་རྒྱུ་སོགས་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་བ་མ་ཟད། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དེ་ཀུན་ཁྱབ་སྙིང་རྗེའི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུའི་བསྒྲགས་གཏམ་ཞིག་སྤེལ་འདུག
༡༠ བོད་ཟླ་༡༢་ཚེས་༡༣ ཉིན་སུད་སིའི་གྲོང་ཁྱེར་ཇི་ནེ་ཝ་ལ་རྒྱལ་ཁབ་༡༦༡ ་གི་སྐུ་ཚབ་མཉམ་ཞུགས་ཐོག། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་བཞི་པ་དེ་གནང་བའི་སྐབས། རྒྱལ་ཁབ་༢༠ ཡིས་བོད་དོན་གླེང་སློང་བྱས་ཡོད་འདུག
