བོད་ལ་རང་བཙན་ཁོ་ན་ལས་གཞན་ལམ་ཁ་མི་འདུག་ཅེས་བརྗོད།
སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་ཀྱི་བུ་སྤྱི་ཟུར་མཁས་གྲུབ་དོན་གྲུབ་ཀྱིས་ཐའེ་ཝན་གྱི་གསར་ཁང་ཞིག་ཏུ་ཁོང་གིས་སྔོན་ཆད་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། ད་ཆ་བོད་ལ་རང་བཙན་ཁོ་ན་ལས་གཞན་ལམ་ཁ་མེད་པས། ཁོང་གིས་བོད་ཀྱི་རང་བཙན་ཁོ་ན་དང་ལེན་བྱེད་རྒྱུ་ཡིན་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་འདུག

ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༩ ཉིན་ཐའེ་པེ་དུས་བབ་(Taipei Times)གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། སྤྱི་ཟུར་མཁས་གྲུབ་དོན་གྲུབ་ཀྱིས་རྒྱ་ནག་གིས་བོད་ནང་འཛིན་པའི་སྲིད་བྱུས་ལ་བརྟེན་ནས། ད་ལྟའི་དུས་སུ་བོད་ལ་རང་བཙན་ཁོ་ན་ལས་གཞན་ལམ་ཁ་ཞིག་མེད་པའི་སྐོར་རྩོམ་ཡིག་ཅིག་བྲིས་འདུག རྩོམ་ཡིག་དེའི་ནང་། ལོ་ངོ་བཅུ་ཕྲག་བདུན་ཙམ་གྱི་རིང་རྒྱ་ནག་དམར་ཤོག་གཞུང་གིས་བོད་དེ་ཡར་རྒྱས་ལྡན་པའི་ཐོག་ནས་འཛིན་སྐྱོང་བྱེད་བཞིན་ཡོད་ཚུལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། ངས་ཁོ་ཚོའི་དྲིལ་བསྒྲགས་རྒྱབ་ཀྱི་དོན་དངོས་ཀྱི་གནས་སྟངས་དེ་མཐོང་བྱུང་། ༸གོང་ས་མཆོག་གི་མཚན་ནས་སྨྲ་མི་ཆོག་པའི་གྲྭ་བཙུན་ཚོ་ཁུ་སིམ་མེར་གནས་དགོས་པའི་གནས་སྟངས་ངས་ཐོས་མྱོང་ལ། འཛིན་གྲྭའི་ནང་བོད་ཡིག་མཐོང་རྒྱུ་མེད་པ་དེ་ངས་མཐོང་མྱོང་། མི་མང་གི་གསོལ་འདེབས་སྨོན་ལམ་ལའང་ཚོད་འཛིན་བྱེད་པ་དང་། རང་གི་རིག་གཞུང་དེ་ཉེན་ཁ་ཞིག་ཏུ་བརྩི་བཞིན་པའི་མི་མང་གི་མྱ་ངན་དེ་ངས་ཚོར་གྱི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ངས་བོད་ལ་རང་བཙན་ཁོ་ན་ལས་གཞན་དང་ལེན་བྱེད་མི་ཐུབ།
རང་སྐྱོང་ལྗོངས་ཞེས་འབོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་རང་སྐྱོང་ནི་མིང་ཙམ་ལས། ཆོས་ལུགས་དང། ཤེས་ཡོན། རིག་གཞུང་སོགས་དང་འབྲེལ་བའི་ཐག་གཅོད་ཡོད་ཚད་པེ་ཅིང་ནས་བྱེད་བཞིན་ཡོད་པ་ལས། ལྷ་ས་ནས་ནམ་ཡང་བྱེད་ཀྱི་མེད། ད་ལྟ་བོད་ནང་འཕྲུལ་རིགས་ཀྱིས་དབང་བསྒྱུར་འོག་ཧ་ཅང་དམ་དྲག་ཆེ་ཞིང་།
བོད་ཀྱི་དགོན་སྡེ་ཁག་གིས་དམར་ཤོག་ཚོགས་པའི་བཙན་བཀའ་དང་ལེན་བྱེད་དགོས་པ། བྱིས་པ་ཚོར་སངས་རྒྱས་ཀྱི་བསྟན་པ་མ་ཤེས་གོང་ནས་མའོ་ཙེ་ཏུང་(Mao Zedong)ལ་དད་གུས་བྱེད་དགོས་པའི་སློབ་གསོ་སྤྲོད་ཀྱི་ཡོད།
མི་ཁ་ཤས་ཀྱིས་རྨང་གཞིའི་འཛུགས་སྐྲུན་དང་དཔལ་འབྱོར་ཡར་རྒྱས་དེ་ཡར་ཐོན་གྱི་རྟགས་མཚན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། གལ་ཏེ་གཞུང་ལམ་དེས་རང་གི་ངོ་བོ་རྩ་མེད་བཟོ་བའི་ཕྱོགས་སུ་ཁྲིད་ཀྱི་ཡོད་ན། གཞུང་ལམ་དེས་ཕན་ཐོགས་ཅི་ཞིག་ཡོད། ཆེ་མཐོང་མེད་པའི་ཡར་རྒྱས་ནི་ཁ་བཤད་སྟོང་པ་ཞིག་རེད། བོད་མི་ཚོར་འཇིགས་སྣང་མེད་པའི་ཐོག་ནས་རང་གི་སྐད་ཡིག་བཤད་པ་དང་། ཆོས་བྱེད་པ། ལོ་རྒྱུས་ལ་ཆེ་མཐོང་བྱེད་པའི་རང་དབང་དགོས།
རང་དབང་ལ་རེ་སྒུག་བྱེད་མཁན་ནི་བཙན་བྱོལ་བ་ཚོ་ཁོ་ན་མ་ཡིན་པར། དེ་ནི་བོད་ནང་གི་བོད་མི་ཚོས་བཙོན་འཇུག་གི་ཉེན་ཁར་མ་འཛེམས་པར་རང་རེའི་སྲོལ་རྒྱུན་སྲུང་སྐྱོབ་བྱེད་མཁན་ཚོའི་སྙིང་ཁོང་དུའང་གནས་ཡོད། དེ་ནི་གནས་རྩ་ཆེན་ཁག་ལ་སྐོར་བ་རྒྱག་མཁན་དང་། ལྐོག་ཏུ་༸གོང་ས་མཆོག་ལ་གསོལ་འདེབས་ཞུ་མཁན། རང་གི་བུ་ཕྲུག་ཚོར་བཙན་བྱོལ་དུ་ཡོད་པའི་དབུ་ཁྲིད་རྣམས་ཀྱི་མཚན་འདོགས་མཁན་ཚོའི་ཁུ་སིམ་པའི་ངོ་རྒོལ་གྱི་ཁྲོད་དུ་གནས་ཡོད།
ངས་དེ་སྔོན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། རྒྱ་ནག་འོག་ཏུ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཡོང་རྒྱུར་ཡིད་ཆེས་བྱས་མྱོང་ཡང་། པེ་ཅིང་ནས་ང་ཚོའི་ཞི་བའི་ལམ་དེར་དྲག་གནོན་གྱི་ལན་བརྒྱབ་ཡོད། བོད་མི་ཚོས་དུས་ཡུན་རིང་པོར་བསྒུགས་ཡོད། ཁོང་ཚོར་དགོས་པ་ནི་བཅིངས་གྲོལ་ཡིན་པ་ལས། མཐུན་ཐབས་བྱེད་རྒྱུ་དེ་མིན།
རྒྱ་ནག་གི་དབང་བསྒྱུར་འོག་ཉམས་དམས་སུ་ཕྱིན་པའི་ཆེ་མཐོང་སླར་གསོ་དང་། རང་གི་ལོ་རྒྱུས་དང་རིག་གཞུང་། མ་འོངས་མདུན་ལམ་སྲུང་སྐྱོབ་བྱེད་དགོས་ན། རང་བཙན་ཁོ་ན་ལས་གཞན་ལམ་ཞིག་མེད། བོད་ནི་བོད་མིར་དབང་། དེ་ནི་ས་ཁུལ་ཞིག་གམ། ཞིང་ཆེན་ལྟ་བུ་ཞིག་མ་ཡིན་པར་རྒྱལ་ཁབ་ཅིག་ཡིན། ང་ཚོ་ནམ་ཡང་ཁ་བཙུམས་ནས་སྡོད་མི་སྲིད་ལ། ང་ཚོའི་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་དུ་འཇུག་མི་སྲིད། ང་ཚོས་རང་གི་ཐོབ་ཐང་བློས་གཏོང་བྱེད་མི་སྲིད། བོད་མི་ཚོས་རང་དབང་ལ་འདོད་མོས་དྲག་པོ་བྱེད་བཞིན་ཡོད་ལ། རང་དབང་དེ་མ་ཐོབ་བར་དུ་ང་ཁོང་ཚོ་དང་མཉམ་དུ་ལངས་ནས་སྡོད་རྒྱུ་ཡིན།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
