བྱ་དེ་ཁྲུང་ཁྲུང་དཀར་མོ་ཞེས་པའི་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་ཕྱི་དྲོ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྤེན་པ་ཚེ་དབང་ཡེ་ཤེས་ཀྱིས་བརྩམས་པའི་ལོ་རྒྱུས་དང་འབྲེལ་བའི་རྟོག་སྒྲུང་༼བྱ་དེ་ཁྲུང་ཁྲུང་དཀར་མོ། ། གཤོག་རྩལ་ང་ལ་གཡོར་དང་།།༽ ཞེས་པའི་དབྱིན་ཡིག་གི་དཔེ་དེབ་ཅིག སྲིད་སྐྱོང་བློ་བཟང་སེང་གེས་དབུ་འབྱེད་གནང་ཡོད་པ་རེད།

16923476_326138521121543_1027680849_nདེར་རྩོམ་པ་པོའི་བུ་མོ་སྤེན་པ་བདེ་བ་ལྷ་མོ་དང་། རྩོམ་པ་པོ་བུ་ཆུང་བསོད་ནམས། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ། ཤེ་ལི་བྷོལ་བཅས་ཀྱིས་དཔེ་དེབ་དང་འབྲེལ་བའི་བགྲོ་གླེང་བྱས་ཡོད་པ་རེད།

༼བྱ་དེ་ཁྲུང་ཁྲུང་དཀར་མོ། ། གཤོག་རྩལ་ང་ལ་གཡོར་དང་།།༽ ཞེས་པའི་དབྱིན་ཡིག་གི་དཔེ་དེབ་དེ་ནི། ལོ་རྒྱུས་དང་འབྲེལ་བའི་རྟོག་སྒྲུང་ཞིག་ཡིན་པ་དང་། དེའི་ནང་དོན་ནི། སྔོན་བོད་ས་མ་ཤོར་གོང་དུ་ཨ་རི་ནས་དབྱིན་ཇིའི་མི་གཉིས་བོད་དུ་ཡེ་ཤུའི་ཆོས་སྤེལ་དུ་ཡོང་སྟེ། བོད་ཁམས་ཉག་རོང་དུ་བསྡད་ནས་རིམ་བཞིན་ཁོང་གཉིས་ལ་བུ་པོལ་ཞེས་པ་ཞིག་བཙས་ཡོད་པ་དང་། སྐབས་དེར་ཉག་རོང་གི་ས་གནས་དེའི་དཔོན་པོ་ཞིག་ལ་བུ་བསྟན་དགའ་ཟེར་བ་ཞིག་ཡོད་པ་གཉིས་རྩེད་མོར་མཉམ་དུ་རོལ་བ་སོགས་ཀྱི་སྒོ་ནས་འཚར་ལོངས་བྱུང་ནས། རྗེས་སུ་བོད་ལ་རྒྱ་མིས་བཙན་འཛུལ་བྱེད་སྐབས་ཁོང་གཉིས་ཀྱིས་དེར་གདོང་ལེན་ག་འདྲ་བྱས་ཡོད་མེད་ཀྱི་སྐོར་ཡིན་འདུག

སྲིད་སྐྱོང་བློ་བཟང་སེང་གེས་དཔེ་དེབ་དབུ་འབྱེད་སྐབས་དེབ་འདིའི་རྩོམ་པ་པོའི་སྐོར་ལ་གསུངས་དོན་དུ། “ཁོང་ནི་སྔོན་ཆད་ནས་བྱས་རྗེས་ཆེན་པོ་ཞིག་རེད་ལ། ཕྱིན་ཆད་ཀྱང་དུས་གཏན་དུ་དེ་ལྟར་དུ་གནས་ངེས་”ཞེས་བསྔགས་བརྗོད་གནང་ཡོད་པ་རེད།

སྤེན་པ་བདེ་བ་ལྷ་མོས་འགྲེལ་བརྗོད་གནང་བ་ལྟར་ན། དེབ་འདིའི་རྩོམ་པ་པོ་སྤེན་པ་ཚེ་དབང་ཡེ་ཤེས་ནི་ཕྱི་ལོ་༡༩༣༢ ལོར་བོད་རྒྱང་རྩེ་(རྒྱལ་རྩེ་)རུ་སྐྱེས་ཡོད་ཅིང་། ཕྱི་ལོ་༡༩༤༡ ལོར་ལོ་ན་༩ ལ་སོན་པ་དང་དབྱིན་ཇིའི་ཚོང་ལས་སྡེ་ཚན་ཞིག་གི་ལས་བྱེད་པ་ཡིན་པའི་ཁོང་གི་ཡབ་ཀྱིས་ཁོང་དྷར་ཇི་གླིང་དང་ཉེ་བའི་གནས་ཤིག་ཏུ་ཡོད་པའི་དབྱིན་ཇིའི་སློབ་གྲྭ་ཞིག་ནང་སློབ་འཇུག་བྱས། སྔ་རྗེས་སུ་དབྱིན་ཡུལ་ལོན་ཌོན་དུ་སྨན་གྱི་བཤའ་བཅོས་བྱེད་སྟངས་སྐོར་སོགས་སློབ་སྦྱོང་བྱས། དེ་ནས་ཚུར་འབྲུག་ཡུལ་དུ་ཕེབས་ནས། རྒྱ་གར་དྷར་ཇིའི་གླིང་དང་འབྲུག་ཡུལ་བཅས་སུ་ཕྱག་ལས་གནང་ཡོད་འདུག མཐར་ཕྱི་ལོ་༢༠༡༡ ལོའི་ཕྱི་ཟླ་༡༡ པའི་ཚེས་༢༦ ཉིན་སྐུ་གྲོངས་ཡོད་འདུག

ཁོང་གིས་ཕྱི་ལོ་༡༩༥༧ ལོར་རང་རྣམ་དཔེ་དེབ་ཤིག་དང་། ༡༩༦༦ ནང་སྒྲུང་དེབ་ཅིག་བྲིས་ཡོད་པ་མ་ཟད། དེ་ནི་བོད་མིས་དབྱིན་ཡིག་ཐོག་བྲིས་པའི་སྒྲུང་དེབ་ཐོག་མ་དེ་རེད་ཅེས་ཁོང་གི་བུ་མོ་སྤེན་པ་བདེ་བ་ལྷ་མོས་འགྲེལ་བརྗོད་གནང་སོང་། ད་ཐེངས་ཀྱི་དཔེ་དེབ་འདི་ནི་ཁོང་གིས་བརྩམས་པའི་དེབ་ཕྲེང་གསུམ་པ་དེ་ཡིན་པ་དང་། དེབ་འདིའི་ནང་ཤོག་གྲངས་༤༦༨ ཡོད་འདུག

གསར་འགོད་སྦྱོང་བརྡར་བ་ཐུབ་བསྟན་རྒྱལ་མཚན།