བྱང་ཀོ་རི་ཡའི་སྲིད་འཛིན་གྱིས་ལྷོ་ཀོ་རི་ཡ་ནི་འགྱུར་བ་མེད་པའི་དགྲ་བོའི་གཙོ་བོ་ལ་བརྩི་རྒྱུ་ཡིན་པར་བརྗོད་འདུག

ཟླ་འདིའི་ཚེས་༡༦ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བྱང་ཀོ་རི་ཡས་རྩ་ཁྲིམས་ལ་འགྱུར་བ་བཏང་ནས་ལྷོ་ཀོ་རི་ཡ་ནི་འགྱུར་བ་མེད་པའི་དགྲ་བོ་གཙོ་བོ་ཞིག་ལ་བརྩི་རྒྱུ་དང་། ལྷོ་བྱང་ཀོ་རི་ཡ་གཉིས་གཅིག་འགྱུར་ཡོང་མི་སྲིད་པ་མ་ཟད། གལ་སྲིད་དམག་འཁྲུག་ལངས་ཚེ། བྱང་ཀོ་རི་ཡས་དམག་འཁྲུག་ལས་གཡོལ་རྩིས་མེད་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

པར། རྒྱ་གར་གྱི་དུས་བབ།

བདུན་འདིའི་རེས་གཟའ་ཟླ་བའི་ཉིན། བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོན་གྱིས་ཆེས་མཐོའི་མི་དམངས་ཚོགས་འདུའི་ཐོག་གསུང་བཤད་ཅིག་གནང་བའི་སྐབས། ཁོང་གིས་བྱང་ཀོ་རི་ཡའི་རྩ་ཁྲིམས་ལ་འགྱུར་བ་བཏང་ནས་ལྷོ་ཀོ་རི་ཡ་ནི་འགྱུར་བ་མེད་པའི་དགྲ་བོ་གཙོ་བོ་ལ་བརྩི་རྒྱུ་དང་། ལྷོ་བྱང་ཀོ་རི་ཡ་གཉིས་གཅིག་འགྱུར་ཡོང་མི་སྲིད་པ་མ་ཟད། གལ་སྲིད་དམག་འཁྲུག་ལངས་ཚེ། བྱང་ཀོ་རི་ཡས་དམག་འཁྲུག་ལས་གཡོལ་རྩིས་མེད་ཅེས་དང་། ལྷོ་བྱང་གཉིས་གཅིག་འགྱུར་ཐོག་ལས་དོན་གཉེར་མཁན་ཚོགས་པ་གསུམ་སྒོ་རྒྱག་དགོས་ཞེས་བརྗོད་ཡོད་འདུག

བྱང་ཀོ་རི་ཡའི་སྲིད་འཛིན་གྱིས་གཏམ་བཤད་དེ་སྤེལ་རྗེས། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་བྱང་ཀོ་རི་ཡས་འཁྲུག་རྐྱེན་གང་འདྲ་ཞིག་བྱས་རུང་ལྷོ་ཀོ་རི་ཡས་ལྡབ་ཁ་ཤས་ཀྱིས་ཆེ་བའི་ཡ་ལན་སློག་རྒྱུ་ཡིན་ཞེས་བརྗོད་འདུག

ཕྱི་ལོ་༡༩༥༣ ལོ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དམག་འཁྲུག་མཇུག་རྫོགས་པ་ནས་བཟུང་། ལྷོ་བྱང་གཉིས་ཁ་བྲལ་གྱི་རྣམ་པའི་ཐོག་གནས་ཡོད་པ་དང་། ད་བར་རྒྱལ་ཁབ་གཉིས་ཀྱི་བར་ཞི་བདེའི་ཆིངས་ཡིག་ལ་མིང་རྟགས་བཀོད་མེད་པར་བརྟེན། དོན་དངོས་ཐོག་ཕྱོགས་གཉིས་ཀ་ད་དུང་ཡང་དམག་འཁྲུག་གི་གནས་སུ་ལྷུང་ཡོད་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས། བྱང་ཀོ་རི་ཡའི་འགོ་ཁྲིད་གཅིག་གིས་གཅིག་འགྱུར་གྱི་སྲིད་བྱུས་དང་རྒྱབ་འགལ་བྱས་པ་དེ་ཧ་ཅང་རྒྱུན་ལྡན་མིན་ཞིང་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ཞིག་ཡིན་པ་དང་། ལྷོ་བྱང་གཉིས་ཀྱི་འབྲེལ་བ་ཡག་ཏུ་སོང་མེད་ན་ཡང་། བྱང་ཀོ་རི་ཡའི་བྱ་སྤྱོད་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁ་ཕྱོགས་མི་འདྲ་བ་ཞིག་ཏུ་ཁྲིད་ཡོད་པ་ཡིད་ཆེས་བྱེད་བཞིན་ཡོད་འདུག

གཞན་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་ (Robert Carlin) དང་ཉིང་རྡུལ་ཚན་རིག་མཁས་ཅན་(Siegfried S Hecker) ཟེར་བ་གཉིས་ཀྱིས་ཕྱི་ལོ་༡༩༥༠ ལོའི་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དམག་འཁྲུག་ལངས་ནས་བཟུང་། ད་བར་ཕྱོགས་གཉིས་བར་གྱི་གནས་བབ་དེ་ཉེན་ཁ་ཆེ་ཤོས་སུ་བསླེབས་ཡོད་པ་རེད་ཅེས་དང་།

བྱང་ཀོ་རི་ཡས་མེ་མདའ་ག་དུས་འཕེན་རྒྱུ་དང་ཇི་ལྟར་འཕེན་རྩིས་ཡོད་མེད་ཤེས་ཀྱི་མེད་ན་ཡང་། ཉེན་ཁ་དེ་ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱིས་བྱང་ཀོ་རི་ཡ་ལ་འཁྲུག་རྐྱེན་སློང་བའི་འཆར་ཅན་གྱི་ཉེན་བརྡ་ལས་རྦད་དེ་བརྒལ་ཡོད་ཅེས་བརྗོད་འདུག།།

ན་ནིང་ཕྱི་ཟླ་༡༡ ནང་བྱང་ཀོ་རིི་ཡས་རྒྱལ་ཁབ་གཉིས་ཀྱི་བར་དམག་དོན་གྱི་ཛ་དྲག་གི་དུས་བབ་ཞི་ལྷོད་ཡོང་རྒྱུ་ལ་དམིགས་པའི་ལོ་ལྔའི་དམག་དོན་གྲོས་མཐུན་ཕྱོགས་ཡོངས་ནས་མཚམས་འཇོག་བྱས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།