བྱང་ཀོ་རི་ཡར་ཏོག་དབྱིབས་ནད་དུག་གི་དོགས་གཞི་དང་པོ་བྱུང་ཡོད་འདུག
ད་བར་བྱང་ཀོ་རི་ཡ་ནང་དུ་ཏོག་དབྱིབས་ནད་དུག་གི་ནད་པ་བྱུང་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་གང་ཡང་ཤེས་རྟོགས་བྱུང་ཐུབ་མེད་ཀྱང་། ཉེ་ཆར་བྱང་ཀོ་རི་ཡ་ནང་དུ་དོགས་གཞི་ཅན་གྱི་མི་སྣ་གཅིག་ཐེངས་དང་པོ་ཐོན་པའི་གནས་ཚུལ་འདུག
ཟླ་༧ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བྱང་ཀོ་རི་ཡ་གཞུང་འབྲེལ་བརྒྱུད་ལམ་གྱིས། ལོ་གསུམ་སྔོན་དུ་ལྷོ་ཀོ་རི་ཡར་བྲོས་བྱོལ་སོང་བའི་མི་སེར་ཞིག བདུན་ཕྲག་སྔོན་མར་ཕྱིར་བྱང་ཀོ་རི་ཡར་གསང་བ་དང་ཁྲིམས་འགལ་ཐོག་ནས་ལོག་སླེབས་ཡོད་པ་དང་། མི་དེར་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་ཡོད་སྐོར་བསྒྲགས་ཡོད་འདུག་པས། གནས་ཚུལ་དེ་ནི་འཛམ་གླིང་གང་སར་རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་སོང་བའི་རྗེས་སུ། བྱང་ཀོ་རི་ཡ་ནང་དུ་ནད་དུག་དེ་འགོས་པའི་དོགས་གཞི་མི་སྣ་ཐོན་པའི་གནས་ཚུལ་དང་པོ་དེ་ཡིན་འདུག
དེ་ཡང་བྱང་ཀོ་རི་ཡ་རྒྱལ་ཁབ་ནང་དུ་གསར་འགོད་རང་དབང་མེད་རྐྱེན། རྒྱལ་ཁབ་དེའི་གནས་ཚུལ་མང་པོ་ཞིག་ཕྱིར་ཐོན་ཐུབ་ཀྱི་མེད་ཁར། ད་བར་རྒྱལ་ཁབ་དེའི་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་སོང་ཡོད་མེད་ཀྱི་གནས་ཚུལ་ར་སྤྲོད་བྱེད་ཐུབ་པ་གང་ཡང་མེད་པ་རེད། འོན་ཀྱང་ཐེངས་འདིའི་གནས་ཚུལ་དེ་ནི་གཞུང་འབྲེལ་བརྒྱུད་ལམ་ནས་བཏོན་ཡོད་ཁར། ལྷོ་ཀོ་རི་ཡའི་དམག་དཔོན་ཞིག་གིས་ཀྱང་མི་སྣ་དེ་འདྲ་ཞིག་ལྷོ་ཀོ་རི་ཡ་ནས་བྱང་ཀོ་རི་ཡར་གསང་བའི་ཐོག་ནས་འཛུལ་ཐུབ་ཡོད་པའི་ངེས་པ་ཆེན་པོ་ཡོད་པས། ཞིབ་འཇུག་བྱེད་མགོ་བཙུགས་ཟིན་ཡོད་སྐོར་བསྒྲགས་འདུག
བྱང་ཀོ་རི་ཡས་རྒྱལ་ཁབ་ནང་ཏོག་དབྱིབས་ནད་པ་བྱུང་བའི་གནས་ཚུལ་གཅིག་ཀྱང་ཕྱིར་བསྒྲགས་བྱས་མེད་ཀྱང་། རྒྱལ་ཁབ་གཞན་མང་པོ་ཞིག་གིས་དངོས་ཡོད་གནས་སྟངས་དེ་འདྲ་ཡིན་པ་ཡིད་ཆེས་བྱེད་ཀྱི་མེད་འདུག
བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱིས་མཐོ་རིམ་དཔོན་རིགས་རྣམས་དང་མཉམ་དུ་ཛ་དྲག་གི་ཚོགས་འདུ་བསྐོངས་ཡོད་ཁར། ས་མཚམས་ཀྱི་གྲོང་ཁྱེར་ཀཱེ་སོང་ཞེས་པ་དེའི་ནང་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་འདུག དེ་བཞིན་མི་དེ་བདེ་སྲུང་གི་ཚད་གཞི་མཐོན་པོ་ཡོད་པའི་ས་མཚམས་བརྒལ་ནས་བྱང་ཀོ་རི་ཡ་ནང་དུ་གང་འདྲ་བྱས་ནས་འཛུལ་ཐུབ་ཡོད་པའི་ཞིབ་འཇུག་བྱེད་དགོས་པའི་བཀའ་བཏང་ནས། འགན་ཡོད་མཁན་རྣམས་ལ་ཉེས་ཆད་དྲག་པོ་འཕོག་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ཟླ་བ་དྲུག་གི་སྔོན་དུ་བྱང་ཀོ་རི་ཡའི་ས་མཚམས་རྣམས་སྒོ་བརྒྱབ་ནས། མི་མང་སྟོང་ཕྲག་མང་པོ་ཟུར་བཀག་བྱས་ཡོད་པ་དང་། ཟླ་འདིའི་མགོ་སྟོད་དུ་འགོ་ཁྲིད་ཀེམ་ཇོང་ཨན་གྱིས་བྱང་ཀོ་རི་ཡས་ཏོག་དབྱིབས་ནད་དུག་བཀག་འགོག་གི་ལས་དོན་གྲུབ་འབྲས་ལ་བསྟོད་བསྔགས་བྱས་ཡོད་འདུག
ལྷོ་ཀོ་རི་ཡ་གཞུང་གིས་བྱང་ཀོ་རི་ཡར་བྲོས་བྱོལ་འགྲོ་མཁན་མི་དེ་ཏོག་དབྱིབས་ནད་པ་ཡིན་པའམ་། ནད་དུག་འཕོག་མཁན་དང་འབྲེལ་བ་བྱུང་ཡོད་པའི་ཐོ་འགོད་བྱས་མེད་པ་ར་སྤྲོད་བྱུང་ཡོད་ཁར། མི་དེ་དང་ཉེ་འབྲེལ་ཡིན་པའི་མི་སྣ་གཉིས་ལ་ཏོག་དབྱིབས་ནད་དུག་གི་བརྟག་དཔྱད་བྱས་ནས་ནད་དུག་མེད་པའི་གྲུབ་འབྲས་ཐོན་ཡོད་སྐོར་བསྒྲགས་འདུག
ད་བར་བྱང་ཀོ་རི་ཡ་ནས་ལྷོ་ཀོ་རི་ཡར་བྲོས་བྱོལ་སོང་རྗེས། སླར་ཡང་བྱང་ཀོ་རི་ཡར་ཕྱིར་བྲོས་བྱོལ་འགྲོ་མཁན་ཤེེས་རྟོགས་བྱུང་བ་༡༡ ཡོད་འདུག་པ་དང་། གནས་ཚུལ་འདི་དང་འབྲེལ་བའི་མི་སྣ་དེ་རྩིས་ན་༡༢ བྱུང་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།