བྱང་ཀོ་རི་ཡས་རྡུལ་མཚོན་མེད་པ་བཟོ་མི་སྲིད་སྐོར་གྱི་ཉེན་བརྡ་བཏང་འདུག
བྱང་ཀོ་རི་ཡས་ཨ་རིས་བྱང་ཀོ་རི་ཡས་རྡུལ་མཚོན་མེད་པ་བཟོ་བའི་རེ་བ་དེ་ནི་ཉིན་མོའི་རྨི་ལམ་ཡིན་པས། དེ་ལྟར་ནམ་ཡང་ཡོང་མི་སྲིད་པས། བྱང་ཀོ་རི་ཡར་བཅངས་པའི་བསམ་སྤྱོད་ངན་པ་དེ་དོར་དགོས་སྐོར་བརྗོད་འདུག
ཟླ་༡༢ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཀྱིས། བྱང་ཀོ་རི་ཡས་རྡུལ་མཚོན་འཁྱེར་ཆེད་ཀྱི་གླིང་ཕྲན་གཞན་ལ་སྙོབ་པའི་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་རྐྱེན། དེ་སྔོན་གྱི་དཔལ་འབྱོར་ཉེས་ཆད་ཐོག་ཏུ། ཉེས་ཆད་གསར་པ་ཁག་ཅིག་གཏོང་རྒྱུའི་གྲོས་ཆོད་ལ་མོས་མཐུན་བྱས་ཡོད་པས། བྱང་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གིས་ཨ་རི་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་བཟོས་པའི་དཔལ་འབྱོར་ཉེས་ཆད་དེས། རྒྱལ་ཁབ་ཀྱི་བདག་དབང་ལ་རྩིས་མེད་བྱས་པ་ཡིན་པས། ཀོ་རི་ཡའི་གླིང་ཕྲན་ཁུལ་གྱི་ཞི་བདེ་ལྷིང་འཇགས་ལ་དོ་ཕོག་གཏོང་བའི་དམག་སློང་བའི་བྱ་སྤྱོད་ཅིག་ཡིན་པས། གྲོས་ཆོད་དེར་མོས་མཐུན་མེད་སྐོར་བརྗོད་ཡོད་འདུག
དེ་ཡང་དཔལ་འབྱོར་ཉེས་ཆད་ཀྱི་གྲོས་ཆོད་དེའི་ཟིན་བྲིས་ཨ་རིས་བཟོས་ཡོད་པ་དང་། བྱང་ཀོ་རི་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཉེ་ཤོས་རྒྱ་ནག་དང་གྲོས་མོལ་བྱས་ཡོད་པ་རེད་འདུག
གྲོས་ཆོད་དེའི་ནང་བྱང་ཀོ་རི་ཡའི་ནང་རྡོ་སྣུམ་ནང་འདྲེན་གྱི་ཚད་གཞི་དམའ་རུ་གཏོང་རྒྱུ། རྒྱལ་ཁབ་དེའི་མི་སེར་ཕྱིའི་རྒྱལ་ཁབ་ལ་ལས་ཀ་བྱེད་མཁན་རྣམས་ཟླ་བ་༢༤ ནང་ཚུད་ཕྱིར་ལོག་དགོས་པ། དེ་བཞིན་བྱང་ཀོ་རི་ཡའི་ནང་དུ་དེའི་ཕྱི་ལོགས་སུ་བསྐྱོད་མཁན་གྲུ་གཟེངས་རྣམས་སུ། བཀག་འགོག་བྱས་པའི་ཅ་ལག་དབོར་འདྲེན་བྱེད་པར་བཀག་སྡོམ་བྱ་རྒྱུ་སོགས་ཡིན་འདུག གྲོས་ཆོད་དེའི་ནང་ཨ་རིའི་འཆར་གཞི་ལྟར་དཔལ་འབྱོར་གྱི་ཉེས་ཆད་དྲག་པོ་ཁག་ཅིག་འཇོག་ཐུབ་མེད་པ་དང་། དེ་ཡང་ཨུ་རུ་སུས་དགག་བྱ་ལ་བརྟེན་ནས་ཡིན་འདུག
བྱང་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གིས་གཞུང་འབྲེལ་བརྒྱུད་ལམ་དུ་སྤེལ་བའི་བསྒྲགས་གཏམ་ནང་དུ། དཔལ་འབྱོར་ཉེས་ཆད་དེ་ནི་བྱང་ཀོ་རི་ཡར་ཚོང་འབྲེལ་གྱི་བརྒྱུད་ལམ་ཆ་ཚང་བཀག་འགོག་བྱས་པ་དང་གཅིག་མཚུངས་ཡིན་པས། གལ་ཏེ་ཨ་རི་བདེ་འཇགས་ལྡན་པའི་ངང་བསྡད་འདོད་ཡོད་ཚེ། བྱང་ཀོ་རི་ཡར་བཅངས་པའི་བསམ་སྤྱོད་ངན་པ་དོར་དགོས་པ་དང་། རྡུལ་མཚོན་ཡོད་པའི་རྒྱལ་ཁབ་དང་མཉམ་གནས་བྱ་རྒྱུ་སྦྱོང་དགོས་པ། དེ་བཞིན་བྱང་ཀོ་རི་ཡས་ལོ་མང་རིང་དཀའ་ཁག་མང་པོར་གདོང་ལེན་བྱས་ནས་བཟོས་པའི་རྡུལ་མཚོན་དེ། ནུས་མེད་བཟོ་བའི་ཉིན་མོའི་རྨི་ལམ་དེ་ལས་གཉིད་སད་དགོས་སྐོར་བརྗོད་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། དཔལ་འབྱོར་ཉེས་ཆད་དེས་བྱང་ཀོ་རི་ཡས་རྒྱུན་ལྡན་གྱི་དཔལ་འབྱོར་ལས་དོན་དང་། རོགས་ཚོགས་ཀྱི་ལས་དོན་ལ་གནོད་སྐྱོན་འགྲོ་ཡི་མེད་པ་དང་། གནད་དོན་དེ་ལ་བསྟུན་ནས་ཛ་དྲག་གི་གནས་སྟངས་མི་ཡོང་ཆེད་ཕྱོགས་ཚང་མས་ཤུགས་སྣོན་རྒྱག་དགོས་སྐོར་བརྗོད་འདུག
ཊོམ་སྲིད་གཞུང་གིས་གྲུབ་འབྲས་དེར་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་བྷན་ཁར་ཌེན་གྱིས་བསྟོད་བསྔགས་བཏང་འདུག ཁོང་གིས་དཔལ་འབྱོར་ཉེས་ཆད་ཀྱི་གྲོས་ཆོད་དེ་ནི་ཐབས་ཇུས་ཡག་པོ་ཡིན་པ་དང་། གྲུབ་འབྲས་ཆེན་པོ་ཡིན་སྐོར་བརྗོད་ནས། རྒྱ་ནག་དང་ཨ་རི་གཉིས་ཀྱིས་ཕྱི་འབྲེལ་ཐབས་ཇུས་ལ་བརྟེན་ནས། ཀོ་རི་ཡའི་མངའ་ཁུལ་གྱི་ཛ་དྲག་གནས་སྟངས་དེ་མེད་པ་བཟོ་ཐབས་བྱེད་དགོས་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
