བྱང་ཀོ་རི་ཡས་ཨུ་རུ་སུ་ལ་གོ་མཚོན་བཙོངས་ནས་ཚུར་ཟས་རིགས་ལེན་གྱི་ཡོད་འདུག 

Wion གསར་ཁང་གི་པར།

ད་ཆར་ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་འགོ་བཙུགས་ནས་ལོ་གཉིས་ལྷག་ཙམ་འགྲོ་བཞིན་ཡོད་པར་བརྟེན། དུས་ཡུན་དེ་དག་གི་རིང་ཕྱོགས་གཉིས་ཀས་གོ་མཚོན་མང་པོ་ཞིག་བེད་སྤྱོད་བྱས་ཡོད་པའི་རྐྱེན་གྱིས་ད་ཆར་ཨུ་རུ་སུ་ལ་གོ་མཚོན་དགོས་ན་བྱང་ཀོ་རི་ཡ་ནས་ཉོ་ཡི་ཡོད་འདུག 

ཕྱི་ཚེས་༢༩ ཉིན་རྒྱ་གར་གྱི་(Wion)གསར་ཁང་གིས་གསར་འགྱུར་སྤེལ་གསལ་ལྟར་ན། ལྷོ་ཀོ་རི་ཡས་ལོ་སྔོན་མའི་ཕྱི་ཟླ་༧ ནས་བྱང་ཀོ་རི་ཡས་ཨུ་རུ་སུ་ལ་གོ་མཚོན་བཙོང་རྒྱུ་འགོ་འཛུགས་བྱས་ཡོད་པར་བརྗོད་འདུག་པ་དང་། ད་བར་གོ་མཚོན་དོ་པོ་༦༧༠༠ ཙམ་དང་གོ་མཚོན་ས་ཡ་མང་པོ་ཨུ་རུ་སུ་ལ་བཙོངས་ཡོད་འདུག ལྷོ་ཀོ་རི་ཡའི་བདེ་སྲུང་བློན་ཆེན་གྱིས་བརྗོད་པ་ལྟར་ན། ཨུ་རུ་སུས་དམག་འཁྲུག་འགོ་བཙུགས་ནས་ལོ་གསུམ་པ་དེ་འགྲོ་བཞིན་ཡོད་པ་དང་། ད་སྐབས་བྱང་ཀོ་རི་ཡས་ཨུ་རུ་སུ་ལ་གོ་མཚོན་བཙོངས་ནས་ཚུར་ཟས་རིགས་དང་གོ་མཚོན་བཟོ་ཆེད་ཀྱི་རྒྱུ་ཆ་ལེན་གྱི་ཡོད་འདུག ལྷོ་ཀོ་རི་ཡའི་བདེ་སྲུང་བློན་ཆེན་(Shin Wonsik)གྱིས། བྱང་ཀོ་རི་ཡས་ཟས་རིགས་ཉོ་ཆེད་གོ་མཚོན་ས་ཡ་མང་པོ་ཨུ་རུ་སུ་ལ་བཙོངས་ཡོད་པ་དང་། བྱང་ཀོ་རི་ཡ་ལ་ཟས་རིགས་ཕོན་ཆེན་རག་ཡོད་པར་ཡང་བརྗོད་འདུག 

དེ་བཞིན་ལོ་སྔོན་མའི་ཕྱི་ཟླ་༧ ནས་གོ་མཚོན་ས་ཡ་མང་པོ་ཞིག་ཨུ་རུ་སུ་ལ་བཏང་ཡོད་རེད་ཅེས་བརྗོད་འདུག ཁོང་གིས་ད་དུང་བརྗོད་དོན་ལ་བྱང་ཀོ་རི་ཡའི་ནང་གི་གོ་མཚོན་བཟོ་གྲྭ་མང་པོ་ཞིག་གིས་གོ་མཚོན་ཕོན་ཆེན་བཟོ་བཞིན་ཡོད་ཀྱང་། གོ་མཚོན་བཟོ་ཆེད་ཀྱི་རྒྱུ་ཆ་དང་གློག་མི་འདང་བའི་རྐྱེན་གྱིས་གོ་མཚོན་བརྒྱ་༣༠ ཙམ་ལས་བཟོ་ཐུབ་ཀྱི་མེད་པ་ཡིན་འདུག འོན་ཀྱང་། གོ་མཚོན་གང་བཟོས་པ་དག་དམག་འཁྲུག་ཁྲོད་བེད་སྤྱོད་གཏོང་བཞིན་ཡོད་འདུག མུ་མཐུད་དུ་ལྷོ་ཀོ་རི་ཡའི་བདེ་སྲུང་བློན་ཆེན་གྱིས་བརྗོད་དོན་ལ། བྱང་ཀོ་རི་ཡས་ཨུ་རུ་སུ་ལ་གོ་མཚོན་གཏོང་དུས་གོ་མཚོན་བླུག་སའི་སྒམ་ནང་ཨུ་རུ་སུས་ཟས་རིགས་ཕོན་ཆེན་བླུགས་ནས་ཚུར་བྱང་ཀོ་རི་ཡ་ལ་གཏོང་གི་ཡོད་པ་དང་། བྱང་ཀོ་རི་ཡའི་ནང་ཨུ་རུ་སུ་ནས་བསླེབས་པའི་ཟས་རིགས་རྣམས་རིན་གོང་ཚད་གཞི་བཟོས་ནས་འཚོང་གི་ཡོད་འདུག ཨུ་རུ་སུ་ནས་བྱང་ཀོ་རི་ཡ་ལ་ཚུར་བཏང་བའི་ཟས་རིགས་དོ་པོ་རྣམས་གོ་མཚོན་གྱི་དོ་པོ་ལས་བརྒྱ་ཆ་༣༠ ཙམ་ཆེ་བ་ཡོད་པར་ཡང་བརྗོད་འདུག ཕྱི་ཚེས་༢༨ གཟའ་ལྷག་པའི་ཉིན་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་བྱང་ཀོ་རི་ཡ་དང་ཨུ་རུ་སུ་བར་གྱི་གོ་མཚོན་ཚོང་འབྲེལ་སྐོར་གོ་བསྡུར་བྱས་དོན་ལ། བྱང་ཀོ་རི་ཡས་གོ་མཚོན་བཙོངས་པ་ནི་ལྷོ་ཀོ་རི་ཡའི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད། གོ་ལའི་བདེ་འཇགས་ལ་ཡང་ཉེན་ཁ་ཆེན་པོ་ཡིན་པར་བརྗོད་ཡོད་འདུག དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནད་དོན་དེ་ལ་དོ་སྣང་ཆེན་པོ་བྱེད་དགོས་པར་འབོད་སྐུལ་ཞུས་པ་དང་། ད་ཆར་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡ་ལ་འཇིགས་སྐུལ་བྱེད་ཆེད་རྡུལ་ཕྲན་མཚོན་ཆ་དུ་མ་ཞིག་ཚོད་ལྟ་བྱེད་ཀྱི་ཡོད་པ་དེ་ལ་ཡང་སྐྱོན་བརྗོད་བྱས་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།