བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་བདེ་སྲུང་ཆེད་དུ་འགྲོ་གྲོན་བརྒྱ་ཆ་༥ རེ་གཏོང་རྒྱུའི་གཏན་འབེབས་བྱས་འདུག

པར་The reuter

ཕྱི་ལོ་༢༠༢༢ ལོར་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་རྗེས་བྱང་ཆིངས་སྒྲིག་འཛུགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གི་བདེ་འཇགས་ལ་ཉེན་ཁ་མཐོང་གི་ཡོད་འདུག་ཅིང་། བྱང་ཆིངས་སྒྲིག་འཛུགས་ཀྱིས་ལོ་རེའི་ཡོང་འབབ་ནས་བདེ་སྲུང་ཆེད་དུ་འགྲོ་གྲོན་མང་དུ་བཏང་སྟེ། དམག་གི་སྟོབས་ཤུགས་གོང་མཐོར་གཏོང་དགོས་པའི་དགོས་འདུན་འདོན་མཁན་མང་པོ་ཡོད་འདུག་པར་བརྟེན། འདི་ལོར་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་ལོ་རེར་རྒྱལ་ཁབ་སོ་སོའི་ཡོང་འབབ་ནས་བརྒྱ་ཆ་༥ རེ་བྱང་ཆིངས་སྒྲིག་འཛུགས་ཀྱི་བདེ་སྲུང་ཆེད་དུ་འགྲོ་གྲོན་གཏོང་རྒྱུ་གྲོས་མཐུན་བྱུང་ཡོད་པར་བརྗོད་འདུག

ཕྱི་ཚེས་༢༥ ཉིན་(The Reuters)རུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ལྷག་པའི་ཉིན་ཡོ་རོབ་རྒྱལ་ཁབ་ནེ་ཐར་ལན་ཌིར་འཚོགས་པའི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འདུའི་ཐོག་ཏུ། འདི་ལོ་ནས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་སོ་སོའི་ཡོང་འབབ་ཀྱི་ཁྲོད་ནས་བརྒྱ་ཆ་༥ རེ་གཏོང་རྒྱུར་གཏན་འབེབས་བྱུང་ཡོད་འདུག་ཅིང་། མ་དངུལ་དེ་དག་གི་བདེ་སྲུང་ཆེད་དུ་གོ་མཚོན་རིགས་ཉོས་ནས་བྱང་ཆིངས་སྒྲིག་འཛུགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཚད་མཐོ་རུ་གཏོང་རྒྱུ་ཡིན་འདུག སྤྱིར་བཏང་ཨ་རིའི་སྲིད་འཛིན་ཊོམ་གྱིས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཆེད་དུ་འགྲོ་གྲོན་ཚད་གཞི་གཞིར་བཟུང་གཏོང་གི་མེད་པའི་སྐོར་དེ་སྔོན་སྐྱོན་བརྗོད་དང་། གལ་སྲིད་འགྲོ་གྲོན་མ་བཏང་ཚེ་བདེ་འཇགས་སྲུང་སྐྱོབ་ཀྱི་ཐད་འགན་འཁུར་རྒྱུ་མིན་ཞེས་བརྗོད་ཡོད། འོན་ཀྱང་། འདི་ལོའི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འདུའི་སྐབས་སུ་རྒྱལ་ཁབ་སོ་སོ་ནས་འགྲོ་གྲོན་གཏན་འབེབས་གཞིར་བཟུང་བརྒྱ་ཆ་༥ རེ་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག

ཁ་སང་ཚོགས་འདུ་མཐའ་མའི་ཉིན་གྱི་གསར་འགོད་གསལ་བསྒྲགས་སྐབས་སུ། ཨ་རིའི་སྲིད་འཛིན་ཊོམ་ནས་ཐེངས་འདིར་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འདུ་ལེགས་གྲུབ་བྱུང་ཡོད་པ་དང་། འདི་ལོ་ནས་རྒྱལ་ཁབ་སོ་སོ་ནས་སྤྲད་པའི་དངུལ་གྱིས་ཨ་རིས་བཟོས་པའི་གོ་མཚོན་རིགས་ཉོ་རྒྱུ་ཡིན་པར་བརྗོད་འདུག་ལ། དེ་བཞིན་ཕྱི་ལོ་༢༠༢༢ ནས་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་བཞིན་པའི་རྐྱེན་གྱིས་གསར་འགོད་གསལ་བསྒྲགས་སྐབས་སུ། མ་འོངས་པར་རྒྱལ་ཁབ་སུ་ཞིག་གིས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་སུ་ཞིག་ལ་བཙན་འཛུལ་བྱས་ཚེ། དེ་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁྲིམས་ཡིག་དོན་ཚན་ལྔ་པ་གཞིར་བཟུང་ཚོགས་མི་༣༢ ཚང་མ་ལ་བཙན་འཛུལ་བྱས་པ་དང་གཅིག་མཚུངས་ཀྱི་ཐོག་ནས་རྒོལ་ལན་སློག་རྒྱུ་ཡིན་པ་ནན་སྐུལ་བྱས་ཡོད་འདུག གསར་འགོད་གསལ་བསྒྲགས་སྐབས་སུ་ཨ་རིའི་སྲིད་འཛིན་ཊོམ་ལ་གསར་འགོད་པ་ཚོས་ཁྱེད་ཀྱིས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁྲིམས་ཡིག་དོན་ཚན་ལྔ་པ་དེ་ལ་བརྩི་སྲུང་བྱེད་ཀྱི་ཡོད་དམ་ཞེས་དྲིས་ཡོད་འདུག་པ་དང་། དེ་འདྲི་དགོས་དོན་ཡང་དེ་སྔོན་སྲིད་འཛིན་ཊོམ་གྱིས་ཁེ་ན་ཌ་དང་། གྷི་རེ་ལན་ཌི་གཉིས་ཨ་རིའི་མངའ་ཁོངས་སུ་འཛུལ་དགོས་ཚུལ་དང་། གལ་སྲིད་མ་འཛུལ་ཚེ་དཔལ་འབྱོར་ལ་དམ་དྲག་བྱས་པའི་ཐོག་ནས་དཀའ་ངལ་སྤྲོད་རྒྱུ་ཡིན་པར་བརྗོད། འོན་ཀྱང་། ཁ་སང་སྲིད་འཛིན་ཊོམ་ནས་ཁོང་གིས་ཁྲིམས་ཡིག་དོན་ཚན་ལྔ་པ་དེ་ལ་གུས་བརྩི་བྱེད་ཀྱི་ཡོད། གུས་བརྩི་བྱེད་ཀྱི་ཡོད་པ་ལ་བརྟེན་ནས་དེ་རིང་ང་འདིར་བསླེབས་ཡོད། གལ་སྲིད་ངས་བརྩ་ིསྲུང་བྱེད་ཀྱི་མེད་ན་དེ་རིང་འདིར་ཡོང་གི་མ་རེད་ཅེས་བརྗོད་ཡོད་འདུག 

ཉེ་ཆར་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འདུའི་སྐབས་སུ་འདི་ལོར་གཏན་འབེབས་བྱས་པའི་བདེ་སྲུང་ཆེད་དུ་མ་དངུལ་བརྒྱ་ཆ་༥ རེ་གཏོང་དགོས་པ་དེ་མ་འོངས་པའི་ལོ་བཅུ་རིང་ཡིན་འདུག་ཅིང་། ད་བར་རྒྱལ་ཁབ་སོ་སོའི་ལོ་རེའི་ཡོང་འབབ་ནས་བརྒྱ་ཆ་༢ རེ་གཏོང་དགོས་ཀྱི་ཡོད་འདུག་པས། ད་ཆར་བྱང་ཆིངས་སྒྲིག་འཛུགས་ཀྱི་བདེ་སྲུང་ཆེད་དུ་མ་དངུལ་ཕོན་ཆེན་པོ་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད་འདུག་ལ། དངུལ་དེ་དག་གིས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་སུ་ཡོད་པའི་དྲྭ་རྒྱའི་བདེ་འཇགས་དང་། རྒྱལ་ཁབ་ཕན་ཚུན་བར་སྣུམ་འདྲེན་སའི་སྦུག་འདྲེན་ནམ་(pipelines)སྲུང་སྐྱོབ་དམ་དུ་གཏོང་རྒྱུ། དམག་གི་རླངས་འཁོར་རིགས་འགྲོ་སའི་གཞུང་ལམ་གསར་རྒྱག  ཟམ་པ་སོགས་འཛུགས་སྐྲུན་གྱི་ལས་གཞི་སྤེལ་རྒྱུ་ཡིན་པར་བརྗོད་འདུག 

བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འདུའི་ཐོག་ཏུ་ཡུག་རེན་གྱི་སྲིད་འཛིན་ཛེ་ལེན་སི་ཀིས་(Volodymyr Zelenskiy)གཟའ་མིག་དམར་ཉིན་སྐད་བཏང་ཡོད་འདུག་པ་དང་། ཨ་རིའི་སྲིད་འཛིན་དང་ཁོང་གཉིས་ཟུར་དུ་ཐུག་ཡོད་འདུག 

བྱང་ཆིངས་སྒྲིག་འཛུགས་ཀྱིས་མ་དངུལ་མང་དུ་བཏང་བ་དེ་ལ་ཨུ་རུ་སུའི་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་འདུག་ཅིང་། བྱང་ཆིངས་སྒྲིག་འཛུགས་ཀྱིས་དམག་གི་གོ་མཚོན་རིགས་ལ་འགྲོ་གྲོན་ཕོན་ཆེན་བཏང་ནས་གཞན་ལ་མིག་དཔེ་ངན་པ་འཇོག་གི་ཡོད་ཚུལ་དང་། འཛམ་གླིང་ནང་གི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།