བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དེ་དུས་སྙིགས་མ་ཆགས་དུས་ནུས་པ་ཆེ་རུ་འགྲོ་བར་གསུངས།

ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཞོགས་པར་དབུ་མ་འཇུག་པ་དང་དེའི་རང་འགྲེལ་ཐོག་ཉིན་གཉིས་རིང་གི་བཤད་ལུང་གི་བཀའ་ཆོས་དབུ་འཛུགས་གནང་སོང་།
ཕྱི་ཟླ་༩ ཚེས་༥ ཉིན་གྱི་ཞོགས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཞབས་སོར་འཁོད་དེ་ཆོས་ཀྱི་ཁྲིར་བཞུགས་སུ་གསོལ་ཞིང་། ཐོག་མར་ཕྱོགས་གཞན་ནས་ཕེབས་པའི་གནས་བརྟན་ཕོ་མོ་རྣམས་ཀྱིས་ཤེས་རབ་སྙིང་པོའི་མདོ་སོགས་གསུངས་ཏེ་མནྜལ་འདེགས་འབུལ་ཞུས་རྗེས། བཀའ་ཆོས་དངོས་དབུ་མ་བཙུགས་པའི་སྔོན་དུ་མགོན་པོ་གང་གིས། དེ་རིང་འདིར་བཅོམ་འདས་ཀྱི་རྗེས་འབྲངས་རིས་སུ་མ་ཆད་པ་ང་ཚོ་འདིར་རུག་རུག་བྱས་ཤིང་སྨོན་ལམ་རྒྱག་བསྡད་ཡ་དེ་འདྲ་ཡིན་པ་དང་། ང་ཚོས་སྨོན་ལམ་རྒྱག་ཡ་དེ་སྟོན་པ་བཅོམ་འདས་ཁོ་རང་གིས་ལམ་སྟོན་གནང་ནས། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ།། མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་།།མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།།ཤྰཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ།། ཞེས་གསུངས་པ་ནང་བཞིན་སྟོན་པ་བཅོམ་ལྡན་འདས་ཁོ་རང་རྟག་པ་རང་བྱུང་གི་སྐྱེས་བུ་མ་ཡིན་པར། རྒྱུ་ཚོགས་མང་པོ་ལ་བསླབས་ནས་མཐར་གྲངས་མེད་གསུམ་གྱི་ཚོགས་བསགས་ནས་མངོན་པར་རྫོགས་པ་སངས་རྒྱས་པ། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ་ཞེས། རྒྱུ་ཚོགས་གྲངས་མེད་པ་གཅིག་གི་ཐོག་ནས་འབྲས་བུ་མངོན་དུ་མཛད་པའི་བཅོམ་ལྡན་འདས། ཁོ་རང་རང་རྒྱུ་ཚོགས་མང་པོ་ཞིག་ལ་དགོངས་པ་བཞེས་ཏེ་སེམས་གཏིང་གི་དྲི་མ་བག་ཆགས་དང་བཅས་པ་སྦྱངས་ནས། དེ་འདྲའི་ཉམས་མྱོང་གི་ཐོག་ནས་ང་ཚོ་ལ་མར་ལམ་བསྟན་ནས་མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་ཞེས། གདུལ་བྱ་བློ་རབ་འབྲིང་ཐ་མ་གསུམ་ལ། གང་འདུལ་གྱིས་གསུང་གི་འཕྲིན་ལས་མར་བསྐྱེད་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་ཐ་ན་ཆོས་དད་མེད་མཁན་ཞིག་ཡིན་ཡང་བསླབ་བྱ་བཟང་པོ་གཅིག་གིས་སེམས་རྒྱུད་བཟང་པོ་དང་གཞན་ཕན་བྱེད་རྒྱུ། དེ་འདྲ་གསུང་སྡོད་ཀྱི་ཡོད་པ་རེད་ཅེས་དང་།

ཆོས་དད་ཡོད་མཁན་ཞིག་ཡིན་ན། ཆོས་དད་ལས་འདྲ་མི་འདྲ་ཡོད་དུས་གང་ལྟར་སོ་སོའི་ཁམས་དང་མོས་པ་དང་འཚམས་པ་གཅིག་གིས་གང་ལྟར་གཞན་ཕན་གྱི་བློ་བཟང་པོ་གཅིག་བརྟེན་རྒྱུ་གཅིག་དང་། བློ་ཕྱོགས་གཅིག་ཡིན་ན་བཅོམ་ལྡན་འདས་ཁོ་རང་རྒྱུ་ཚོགས་ག་འདྲ་ཤིག་ལ་བརྟེན་ཞིང་མངོན་པར་རྫོགས་པ་སངས་རྒྱས་པ་རེད་འདུག དེ་ང་ཚོས་བརྩད་ཆོད་བྱས་ནས་བཅོམ་ལྡན་འདས་ཁོ་རང་གི་ལམ་ག་འདྲའི་གཅིག་གི་ཐོག་ནས་མངོན་པར་རྫོགས་པར་སངས་རྒྱས་པ། དེ་དག་ང་ཚོ་ཚང་མའི་རྒྱུད་ལ་ཁམས་བདེ་གཤེགས་སྙིང་པོ་ཡོད་པ། ང་ཚོ་ཚང་མའི་རྒྱུད་ལ་དྲི་མ། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཞེས་མང་པོ་ཡོད་ཀྱང་། དེ་དག་གི་གཞི་རྩ་བདག་འཛིན་དང་བདེན་འཛིན་ཡིན་པ་དང་། བདག་མེད་པའི་ལྟ་བའི་དོན་ལ་བསམ་བློ་བཏང་ན། བདག་འཛིན་གཉིས་པོ་དེ་ག་ལེར་ག་ལེར་ཞི་ཐུབ་ཡ་ཡོད་པའི་སྐོར་གསུངས་སོང་། དེ་བཞིན་མགོན་པོ་གང་ཉིད་ལ་ཆ་བཞག་ན་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ནང་པའི་དགེ་སློང་ཞིག་ཡིན་པ་དང་། ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསམ་མནོ་གཏོང་གི་ཡོད་པས། སེམས་ལ་འགྱུར་བ་ཞེ་བོ་འགྲོ་གི་ཡོད་པར་སོགས་གསུངས་སོང་།

གཞན་ཡང་མངོན་མཐོའི་ལུས་ལྡན་ཡིན་ཡང་སྡུག་བསྔལ་མང་པོ་ཡོང་བསྡད་པ་དེ། བདག་ཏུ་འཛིན་པའི་བདེན་འཛིན་དང་རང་གཅེས་འཛིན་དེས་བྱེད་ཀྱི་ཡོད་པ་དང་། ག་ཚད་ཐུབ་ཐུབ་ཀྱིས་ནམ་མཁས་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ལ་རང་དང་རང་འདྲ་བ། སྡུག་བསྔལ་ཕྲ་མོ་ཡིན་ཡང་མི་འདོད་པ། བདེ་བས་ཆོག་མི་ཤེས་པ་ཡོད་བསྡད་པ་གཅིག་པ་ཡིན་དུས། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ལ་ཡང་། མཐའ་གཅིག་ཏུ་བརྩེ་བ་བྱེད་དགོས་ཡ་གཅིག་རེད་ཅེས་དང་། རང་གཅེས་པར་འཛིན་པའི་གཅེས་འཛིན་དེས་གཞན་ཡང་ཕུང་རང་ཡང་ཕུང་གི་ཡོད་པས། གང་ཐུབ་ཐུབ་ཀྱིས་གཞན་གཅེས་པར་འཛིན་དགོས་པར་གསུངས་སོང་། གཞན་ཡང་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་ལ།
ཁོང་གིས་དཔེ་ཆའི་ནང་ཡོད་པ་བསྐྱོར་ཅིང་བསྡད་པ་མ་ཡིན་པར་ཉིན་ལྟར་བསམ་བློ་གཏོང་གི་ཡོད་པ་སོགས་ལས་འཕྲོས་ཏེ་གསུངས་དོན།
རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། རང་དོན་བསྒྲུབས་ན་ཡང་བྱང་ཆུབ་སེམས་ཡིན་པ་དང་།གཞན་དོན་བསྒྲུབས་ཀྱང་བྱང་ཆུབ་སེམས་ཡིན་པ། བྱང་ཆུབ་ཀྱི་སེམས་ཟེར་ཡ་དེ་དངོས་གནས་དྲང་གནས་རང་གཞན་ཀུན་ལ་བདེ་སྐྱིད་ཡོང་ཡ་དང་། འཕྲལ་དུ་བདེ་བ། ཕུགས་ལ་ཕན་པ། ཐ་ན་ལུས་བདེ་བ་སེམས་བག་ལྷོད་ལྷོད་བྱེད་བསྡད་ཡ་ཡོད་པར་གསུངས། དེ་བཞིན་རྐྱེན་ངན་མང་པོ་ཞིག་ཡོང་དུས་རྐྱེན་ངན་ཡོང་ཡ་གི་རྒྱུ་དེ་ལ་སྙིང་རྗེ་སྐྱེ་བ་མ་གཏོགས། དེ་ལ་མ་བཟོད་པའི་ཐོག་ནས་མ་དགའ་བ་ཡོང་བ་དེ་འདྲ་མེད་པའི་སྐོར། དུས་སྙིགས་མ་ཆགས་ཀྱི་ཡོད་ཀྱང་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཟེར་བ་དེ། དུས་སྙིགས་མ་ཆགས་ནས་དེ་དག་གིས་ཕན་ཐོགས་མེད་པའི་བཟོ་འདྲ་རྩ་བ་ནས་མིན་པར། དུས་སྙིགས་མ་ཆགས་ཡོང་དུས་དེ་དག་གི་ནུས་པ་ཆེ་རུ་འགྲོ་ཡ་གཅིག་ཏན་ཏན་ཡིན་པ་དང་། ང་ཚོ་ཚང་མས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་དེ་ཉིན་རེ་བཞིན་དུ་བསམ་བློ་གཏོང་ཤོག་གསུངས་པ་དང་། མགོན་པོ་ཁོང་ལ་ཆ་བཞག་ནས་ག་ཚད་ཐུབ་ཐུབ་ཀྱིས་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད་དང་། དེས་སེམས་ལ་ཕན་ཐོགས་ཞེ་བོ་ཡོང་གི་ཡོད་པ་དང་། སེམས་ལ་ཕན་ཐོགས་བྱུང་བའི་ཚོད་ཀྱིས། ལུས་ཀྱི་བདེ་ཐང་ཡོང་ཡ་ལ་ཕན་ཐོགས་ཞེ་བོ་ཡོད་པ། དེར་བརྟེན་ཚེ་སྒྲུབ་ཟེར་ནས་ཟུར་དུ་སྔགས་དྲངས་པ་དེས་ཕྲན་བུ་ཕན་གྱི་ཡོད་ཀྱང་། ངོ་ཐོག་ཏུ་ཁ་ཡོད་ལག་ཡོད་ཀྱི་ཚེ་སྒྲུབ་དེ། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམས་ན། དངོས་གནས་དྲང་གནས་སེམས་ལྷོད་ལྷོད་ཆགས་ཅིང་། ཚེ་སྒྲུབ་ཀྱི་མཆོག་ཡིན་པར་གསུངས་སོང་། གཞན་ཡང་གཞན་ལ་ཕན་བདེ་བསྒྲུབ་ཡ་དེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམས་ནས་གཞན་ལ་དངོས་དང་བརྒྱུད་པའི་ཐོག་ནས་ཕན་ཐོགས་ཡོང་ཐུབ་ཡ་གཅིག་ཡིན་པའི་སྐོར་དང་། ང་ཚོའི་ཆོས་ཀྱི་སྙིང་པོ་དེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བ་ཡིན་པ་དང་། དེ་ང་ཚོ་ཚང་མས་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་ཡག་པོ་གཅིག་བཏང་ཞིང་། ད་རེའི་དུས་ཚོད་འདི་རྣམ་འདྲེན་བཞི་པ་རྒྱལ་བ་ཤྰཀྱ་ཐུབ་པའི་བསྟན་པ་ཡིན་ཞིང་། ང་ཚོ་དེའི་རྗེས་སུ་ཞུགས་མཁན་ཞིག་ཡིན་པས་ང་ཚོས་དམིགས་ཡུལ་བཟུང་ཡ་དེ། སྟོན་པ་བཅོམ་ལྡན་འདས་ཁོང་ནང་བཞིན་བྱེད་ཀྱི་ཡིན་བསམ་པའི་སེམས་ཤུགས་སྐྱེད་པའི་ཐོག་ནས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་ཉམས་ལེན་ཉིན་རེ་བཞིན་དུ་ག་ཚོད་ཐུབ་ཐུབ་ཀྱིས་འབད་བརྩོན་བྱེད་ཐུབ་ཡ་དེ་དཔེ་གལ་ཆེན་པོ་ཡིན་པ་སོགས་གསུངས་སོང་།

དེ་བཞིན་མགོན་པོ་གང་ཉིད་རྗེ་རིན་པོ་ཆེ་འཁྲུངས་ས་དང་ཐག་ཉེ་བོ་ཡིན་པ་བཅས་དང་འབྲེལ་གསུངས་དོན། སྔ་མོ་དུས་རབས་མང་པོ་ཞིག་གི་གོང་ལ་རྗེ་ཙོང་ཁ་པ་ཆེན་པོ་རེད། ད་ལྟའི་དུས་རབས་འདིར་ལ་ཡང་རྗེ་ཙོང་ཁ་པའི་དགེ་ཕྲུག་ཟེར་ཆོག་གི་རེད། རྗེ་ཙོང་ཁ་པས་བློས་ཁེལ་བའི་ཆོས་གྲོགས་གཅིག་ཆགས་ཡོད་པ་རེད། ང་རང་གི་སེམས་ནང་ལ་སྤོབས་པ་བྱུང་།དུས་ད་ལྟ་བར་དུ་ཧུར་ཐག་བྱས་པ་ཡིན། ད་དུང་ཡང་ལོ་བརྒྱ་ཕྲག་ལྷག་ཙམ་ལོ་བརྒྱ་དང་བཅུ་བཅོ་ལྔ་དེ་འདྲའི་གཅིག་ངས་བསྟན་པའི་ཞབས་འདེགས་ཏན་ཏན་སྒྲུབ་ཐུབ་ཀྱི་རེད། རྗེ་རིན་པོ་ཆེ་བཞུགས་སྐབས་ཚན་རིག་སྐད་ཆ་མེད་པ་དང་ཁོང་གི་དུས་ཚོད་ལ་ཚན་རིག་གི་ཡར་རྒྱས་འགྲོ་གི་ཡོད་པ། དེར་བརྟེན་ཁོང་གིས་དབུ་མའི་གཞུང་དང་ཚད་མ་རིག་པའི་འགྲོ་སྟངས་དེ་དག་སེམས་ཁམས་རིག་པའི་ཐོག་ནས་ཚན་རིག་པ་མཉམ་དུ་གྲོགས་པོ་བསྒྲིགས་ཅིང་། ཚན་རིག་པ་མང་པོས་ཁོང་ཚན་རིག་པ་མཐོང་གི་ཡོད་པ་དང་། དེ་འདྲ་ཡིན་དུས་ད་རིང་ཁ་སང་དུས་ཚོད་ལ་ཚན་རིག་ཟེར་དུས་མི་ཚང་མས་བདེན་དོན་ལ་བརྩི་གི་ཡོད་རེད། དེ་ཚན་རིག་པ་མཉམ་དུ་ལ་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་ང་རང་ཚོའི་རྡུལ་ཕྲ་རབ་ཀྱི་གནས་སྟངས་དེ་ཚོའི་གྲས་དེ་ང་ཚོས་ཚན་རིག་མཉམ་དུ་གོ་བསྡུར་བྱེད་དུས་ཚན་རིག་པ་ཡང་དགའ་བོ་བྱེད་ཀྱི་ཡོད་པ་དང་། དུས་ཚོད་འདི་འདྲ་ལ་ངས་རྗེ་རིན་པོ་ཆེའི་འཁྲུངས་ས་དེར་སྐྱེས་ཅིང་། ཆོས་རྗེ་ཙོང་ཁ་པའི་གཞུང་ཡོད་བསྡད་པ་དེ་དག་ལས། ངས་གཙོ་བོ་དབུ་ཚད་ཀྱི་གཞུང་དེ་དག་ལ་དགའ་རུ་སློབ་སྦྱོང་བྱས་ཡོད་རེད། ཉམས་ལེན་བྱས་ཡོད་རེད། དངོས་གནས་མི་ལ་ཕན་ཐོགས་འདུག རང་གི་ཉམས་མྱོང་མི་ལ་བཤད་དུས་མི་ལ་ཕན་གྱི་ཡོད་པར་གསུངས། དེ་བཞིན་འཇུག་པ་རང་འགྲེལ་གྱི་ཉིན་དང་པོའི་བཤད་ལུང་གྲུབ་མཚམས། དབུ་མའི་ལྟ་བ་དེ་ཉིན་རེ་བཞིན་བསམ་མནོ་གཏོང་ཐུབ་ན་མཁས་པའི་དབང་པོ་དེ་རྣམས་ལ་སྒྲུབ་པའི་མཆོད་པ་ང་ཚོས་འབུལ་གྱི་ཡོད་རེད། གལ་ཆེན་པོ་ཡིན་པར་གསུངས།
ད་ལྟ་བསྟན་པ་འཇིགས་པའི་གནས་སྟངས་བཟོ་འདྲ་ཆགས་ཀྱི་ཡོད་རེད་དེ། ང་རང་ཚོ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་རྒྱ་ཆེ་གཏིང་ཟབ་པ། དེ་ལ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དང་ཐོགས་མེད་སྐུ་མཆེད་ཡབ་སྲས་ལ་སོགས་པ་དེ་དག་གིས་ཟབ་པ་དང་རྒྱ་ཆེ་བའི་ལམ་བསྟན་པའི་དཔེ་ཆ་མཐོང་ཡ་ཡོད་པ་དང་། དཔེ་ཆ་དེ་རྣམས་ཉམས་མྱོང་ཅན་གྱི་བླ་མ་ཚོས་ཆོས་ཁྲིད་གནང་བ་ཉན་རྒྱུ་ཡོད་པ། དེ་འདྲའི་གོ་སྐབས་ཡག་པོ་ཡོད་དུས། ཚང་མས་དེ་འདྲའི་གོ་སྐབས་བཟང་པོ་ཡོད་བསྡད་པ་དེ་ཆུད་ཟོས་སུ་མི་གཏོང་བར་ཉམས་ལེན་ཡག་པོ་གནང་དགོས་པར་གསུངས་སོང་།
པར་ལེན་པ་བསོད་ནམས་ཕུན་ཚོགས།
གསར་འགོད་པ་བསྟན་འཛིན་ལམ་བཟང་།