བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་གི་རིག་རྩལ་འགྲན་བསྡུར་ཐེངས་དང་པོ།

[ས་གནས། ཨ་རིའི་ནིའུ་ཡོག] ༧གོང་ས་མཆོག་གི་སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་དང་བསྟུན་ནས་སྐུ་ཚབ་དོན་གཅོད་དང་ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་གི་བར་མཐུན་ལམ་དང་། རིགས་ཞེན་འཕེལ་བའི་ཆེད་དུ་སྤེལ་བའི་རིག་རྩལ་འགྲན་བསྡུར་ཐེངས་དང་པོ་དེ་ནའུ་ཡོག་ལ་འཚོགས་སོང་།

དེ་ཡང་ཟླ་༤ ཚེས་༤ ཉིན་བྱང་ཨ་རིའི་ས་གནས་ཁག་གི་བོད་རིགས་གཟའ་མཇུག་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱི་བར་དུ་ “རིག་རྩལ་འགྲན་བསྡུར་” ཆེན་མོ་དེ་ནིའུ་ཡོག་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ནང་འཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་མཆོག་དང་། དམིགས་བསལ་སྐུ་མགྲོན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་འགྲུབ་དང་། བླ་མ་ཚེ་དབང་གཉིས་ཕེབས་འདུག
དེ་བཞིན་སྐུ་མགྲོན་དུ་མཛད་གཙོ་ཟུར་པ་ཁག་ཅིག་དང་། གཞུང་ཞབས་ཟུར་པ་ཁག ཟུར་དཔང་རྣམ་པ། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། ས་གནས་ནིའུ་ཡོག་གི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། འགྲན་ཞུགས་སློབ་ཕྲུག་རྣམས་ཀྱི་ཕ་མ། དེ་བཞིན་ས་གནས་མི་མང་བཅས་ཆེས་མང་པོ་འཛོམས་འདུག

འགྲན་བསྡུར་འདི་ཉིད་གོ་སྒྲིག་གནང་བའི་དམིགས་ཡུལ་གཙོ་བོ་ནི། བྱང་ཨ་རིའི་ནང་འཚར་ལོངས་ཡོང་བཞིན་པའི་བོད་ཕྲུག་རྣམས་ཀྱི་བོད་ཡིག་འབྲི་ཀློག་གི་ནུས་པ་གོང་འཕེལ་གཏོང་རྒྱུ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་དང་ཞབས་བྲོའི་སྒྱུ་རྩལ་ལ་དོ་སྣང་སྤྲོད་པ། ས་གནས་ཁག་གི་སློབ་གྲྭ་ཕན་ཚུན་བར་མཐུན་ལམ་དང་ཉམས་མྱོང་བརྗེ་རེས་བྱེད་པའི་སྡིངས་ཆ་བསྐྲུན་རྒྱུ་བཅས་རེད་འདུག

ཐེངས་འདིའི་འགྲན་བསྡུར་ནང་བྱང་ཨ་རིའི་ས་གནས་གཟའ་མཇུག་སློབ་གྲྭ་ཁག་བཅུ་སྟེ། པོར་ཌི་ལེན་ཌི་གནའ་དེང་རིག་པའི་ལྡུམ་ར། ཕི་ལོར་ཟླ་ཕི་ཡ་གཟའ་ཉི་མའི་སློབ་གྲྭ། བྷོ་སི་ཊོན་རིག་གནས་སྐྱེད་ཚལ་གླིང་སློབ་གྲྭ། རྒྱལ་སའི་མངའ་ཁུལ་བོད་ཡིག་སློབ་གྲྭ། ཆི་ཁ་གྷོ་བོད་རིགས་གཟའ་མཇུག་སློབ་གྲྭ། ནིའུ་ཡོག་དང་ནིའུ་འཇར་སི་བློ་གསལ་སྐྱེད་ཚལ་སློབ་གྲྭ། མེ་ནི་སོ་ཊ་ལུགས་གཉིས་ཕུན་ཚོགས་དགའ་ཚལ་སློབ་གྲྭ། བྱང་ཁེ་ལི་ཕོར་ནི་ཡ་རྣམ་དཔྱོད་སྐྱེད་ཚལ་སློབ་གྲྭ། ཨི་ཐ་ཁ་བྱམས་བརྩེའི་ས་བོན་སློབ་གྲྭ། ཨོན་ཊེ་རིའོ་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭ། སོགས་ནས་ཕེབས་པའི་གཟའ་མཇུག་སློབ་གྲྭ་ཁག་གི་སློབ་ཕྲུག་ཉིས་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད།

ཐེངས་འདིར་ནང་དོན་གཙོ་བོ་རིག་རྩལ་ཁག་བཞི་ལ་བགོས་ནས་འགྲན་བསྡུར་བྱས་ཡོད་པ་དང་། དེ་ཡང་བོད་ཡིག་དྲི་རྩད་འགྲན་བསྡུར་དང་། དགག་སྒྲུབ་བགྲོ་གླེང་འགྲན་བསྡུར། གཏམ་བཤད་རྩལ་འགྲན་བསྡུར། གཞས་སྣ་འགྲན་བསྡུར་བཅས་རེད།
དང་པོ་དྲི་རྩད་འགྲན་བསྡུར་ཐོག སྐད་ཡིག་དང་། མཛད་རྣམ། རྒྱལ་རབས། སྤྱིར་སྟངས། ཧབ་ཐོབ་བཅས་ལ་དྲི་བ་བཅུ་རེ་ལ་ལན་འདེབས་ཀྱི་འགྲན་བསྡུར་གནང་སོང་།
གཉིས་པ་དགག་སྒྲུབ་བགྲོ་གླེངགནང་བ་དང་། དེ་རྗེས་གཏམ་བཤད་རྩལ་འགྲན་བསྡུར་བྱས་སོང་། གོང་གསལ་འགྲན་བསྡུར་ཁག་གི་གཟུ་དཔང་གསུམ་ནི། སྣང་གསལ་བསྟན་འཛིན་ནོར་བུ་དང་། མཁས་དབང་ཆབ་མདོ་ཤེས་རབ། སྤྱི་ཟུར་རྨོག་རུ་བསྟན་པ་བཅས་རེད་འདུག
དགོང་མོ་གཞས་སྣ་འགྲན་བསྡུར་གྱི་གཟུ་དཔང་ནི། བསྟན་འཛིན་ནོར་བུ་དང་། བཀའ་དྲུང་ཟུར་པ་རྫོང་དཀར་སྟོབས་རྒྱལ་ཚེ་རིང་། རྒན་པད་མ་ཚུལ་ཁྲིམས་བཅས་ཀྱིས་གནང་སོང་།

མཛད་སྒོའི་མཇུག་བསྡོམས་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོས་ “ང་ཚོ་གཞིས་ལུས་བོད་མི་ཚོའི་རེ་བ་ནི་བཙན་བྱོལ་དུ་ཡོད་པའི་བོད་ཕྲུག་ཚོ་ཡིན་པས། འདི་འདྲའི་རིག་རྩལ་འགྲན་བསྡུར་བརྒྱུད་ནས་རང་གི་ངོ་བོ་མི་བརླག་པ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་སྐོར་” ནན་བཤད་གནང་ཡོད།

འགྲན་བསྡུར་གྲུབ་རྗེས་་ཨང་རིམ་དང་པོ་དང་། གཉིས་པ། གསུམ་པ་བཅས་ལ་གཟེངས་རྟགས་དང་། དཔང་ཡིག དངུལ་གྱི་བྱ་དགའ་བཅས་གསོལ་སྩལ་གནང་ཡོད། འདི་ནི་བོད་ཕྲུག་ཚོར་མཚོན་ན་སོ་སོའི་སྐད་ཡིག་ལ་སྦྱང་བརྩོན་བྱེད་པའི་སེམས་ཤུགས་སྤེལ་བའི་རྒྱུ་རུ་གྱུར་ཡོད་པ་རེད།།
སྤྱི་ཟུར་ངག་དབང་ཐར་པས་བྲིས།