བློ་གླིང་སྤོམ་ར་ཁམས་ཚན་གྱི་འདུ་ཁང་སྒོ་འབྱེད།

loling_pomra_2013_12_16

ཟླ་འདིའི་ཚེས་༡༦ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་སྤོམ་ར་ཁམས་ཚན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པ།  དེ་བཞིན་ཁམས་ཚན་འདུས་མང་ཡོངས་ཀྱི་སྡོད་ཁང་གྲྭ་ཤག་བཅས་གསར་བཞེངས་ལེགས་འགྲུབ་ཟིན་པའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

མཛད་སྒོའི་སྐུ་མགྲོན་དུ་སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེ་དང་།  རྒྱུད་སྨད་མཁན་ཟུར་སྒོ་སོག་རིན་པོ་ཆེ་འབྲས་སྤུངས་ཁྲི་བ་བློ་བཟང་བསྟན་པ།    བློ་གླིང་མཁན་པོ་བློ་བཟང་ཡེ་ཤེས་བཅས་ཀྱི་གཙོས་གདན་ས་གྲྭ་ཚང་ཁག་གི་མཁན་པོ་དང་མཁན་ཟུར་དགེ་སྐོས་དང་ཕྱག་མཛོད་སོགས་སྤོམ་ར་ཁམས་ཚན་དང་འབྲེལ་བའི་བཀའ་རབས་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་འདུས་མང་བཅས་དང་།  དམིགས་བསལ་སྐུ་མགྲོན་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་དང་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གཉིས་ཀྱི་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཡོངས་མཛད་སྒོའི་ཐོག་ཆེད་ཕེབས་ཡོད་པ་རེད།

དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་ལྡན་མ་བློ་ཆོས་རིན་པོ་ཆེས་འདུ་ཁང་སྒོ་འབྱེད་དར་ཚོན་གཅོད་འབྲེག་གནང་བ་དང་། སྐུ་མགྲོན་རྣམས་པས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་།   སྤོམ་ར་ཁམས་ཚན་གྱི་ཐུན་མོང་མ་ཡིན་པའི་རྟེན་གྱི་གཙོ་བོ་ཐུབ་དབང་དགེ་འདུན་འཕེལ་རྒྱས་གཙོ་འཁོར་གསུམ་དང་།  རྗེ་ཡབ་སྲས་གསུམ། རྒྱལ་བའི་བསྟན་སྲུང་གི་མཆོག་གྱུར་ཨ་ཕྱི་ཆོས་ཀྱི་སྒྲོལ་མའི་སྐུ་བརྙན་སོགས་རྟེན་གཙོ་ཁག་ལ་མཇལ་དར་དང་སྙན་ཤལ་བསྒྲོན་འབུལ་སོགས་ཞུས།

loling_pomra1_2013_12_16སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་མཚམས་སུ་དབུ་མཛད་མཆོག་གིས་ཁྲུས་གསོལ་རབ་གནས་དབུ་བསྐུལ་འབྲེལ་སྐུ་མགྲོན་དང་འདུས་ཚོགས་ཡོངས་ལ་རྟེན་འབྲེལ་གྱི་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་སོགས་དང་ཆབས་ཅིག་སྤོམ་ར་ཁམས་ཚན་རྒན་མཆོག་གིས་འདུས་མང་ལ་སྐྱབས་ཐོ་སྙན་སྒྲོན་གནང་གྲུབ་པ་དང་།   རིག་སློབ་སྤྲུལ་སྐུ་སྙན་གྲགས་རིན་པོ་ཆེས་མཛད་རིམ་སྒྲོགས་སྦྱང་གནང་སོང་། དེ་ནས་སྐུ་མགྲོན་རྣམ་པས་བླང་དོར་བཀའ་སློབ་གནང་ཡོད་པ་རེད།

གཞན་ཡང་ཟླ་འདིའི་ཚེས་༡༩ ཉིན་སྤོམ་ར་ཁམས་ཚན་གསར་པའི་ནང་བློ་ཆོས་རིན་པོ་ཆེས་ལམ་གཙོ་རྣམ་གསུམ་དང་།  རྟེན་འབྲེལ་བསྟོད་པ།  འཇམ་དཔལ་མཚན་བརྗོད་བཅས་ཀྱི་གསུང་ཆོས་གནང་གཏན་ཁེལ་ཡོད་པ་རེད།

མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་འདིའི་ནང་དེ་སྔ་བོད་དུ་ཁམས་ཚན་༢༤ ཡོད་པ་དང་།  ཕྱིས་སུ་རྒྱ་གར་ནང་ཁམས་ཚན་༢༥ ཡོད་པའི་ནང་ནས་ཁམས་ཚན་འདི་ཉིད་ལ་རྨི་ལི་སྐྱབས་མགོན་སྐུ་ཕྲེང་གསུམ་པ་རྗེ་འཇམ་དབྱངས་བཟང་པོས་སྤོ་འབོར་ཁམས་ཚན་ཞེས་མཚན་བསྩལ་བ་ནས་བཟུང་།  སྤོམ་ར་ཁམས་ཚན་འདིའི་ནང་ད་བར་དུ་གཞུང་ཆེན་བཀའ་པོད་ལྔ་དང་།  གསང་ཆེན་རྒྱུད་སྡེ་གཞི་སོགས་རབས་འབྱམས་ཤེས་བྱ་ཀུན་ལ་མཁས་ཤིང་།  སྙན་པར་གྲགས་པའི་སྐྱེས་ཆེན།  རྗེ་རྒྱལ་བ་གཉིས་པའི་གསེར་ཁྲིར་འཛེགས་པའི་དགའ་ལྡན་ཁྲི་པ་དང་།  ཁམས་ཀྱི་སྐྱབས་མགོན་རྣམ་གསུམ་ཞེས་གྲགས་པའི་ནང་ནས་ལི་ཐང་གཤོག་དྲུག་སྐྱབས་མགོན་དང་རྨི་ལི་སྐྱབས་མགོན།  ༧གོང་ས་ལྔ་པ་མཆོག་གིས་ཕྱག་བཏབ་པའི་རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་གི་བསྟན་པའི་མངའ་བདག་ཟངས་འབུམ་རྡོ་རྗེ་འཆང་དང་།  གཞན་ཡང་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་མཁན་ཁྲི་འཛིན་པ་སོགས་མཁས་རྒུ་མགུ་བར་བསྐྱེད་བའི་དགེ་བའི་བཤེས་གཉེན་དང་སྐྱེས་ཆེན་དུ་མ་ཞིག་ཁམས་ཚན་འདི་ཉིད་བྱུང་ཡོད་འདུག །

ལྷོ་ཕྱོགས་གསར་འགོད་པས།