བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་འབུལ་དགོས་པའི་རེ་སྐུལ་ཞུས་འདུག 

རྒྱ་གར་ནང་དུ་སྲིད་དོན་པ་དང་དད་ལྡན་པ་ཚོས་རྒྱ་གར་གྱི་སྲིད་བློན་ལ། ༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་འབུལ་དགོས་པའི་རེ་སྐུལ་ཞུས་ཡོད་པ་ལྟར། ཐེངས་འདིར་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཞིག་གིས་ཀྱང་དེ་ལྟར་རེ་སྐུལ་ཞུས་པ་མ་ཟད། ཕྱི་ལོ་༡༩༥༠ ནང་རྒྱ་གར་གྱིིས་བོད་ཐོག་ནོར་འཁྲུལ་ཤོར་བ་དེ་ཡོ་བསྲང་བྱེད་དགོས་པའི་རེ་སྐུལ་ཞུས་འདུག

ཟླ་༡༡ པའི་ཚེས་༡༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༡ ཉིན་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ། དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སོགས་སྲིད་དོན་གྱི་ལས་ཁུར་མང་པོ་ཁུར་མྱོང་མཁན་དང་། བྷི་ཇི་བྷིའི་འགོ་ཁྲིད་ཁོངས་སུ་རྙིང་གྲས་ཤན་ཏཱ་ཀུ་མཱར་གྱིས། རྒྱ་གར་གྱི་སྲིད་བློན་མཱོ་རྡི་ལ་ཡི་གེ་ཞིག་བསྐུར་ནས། ༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་འབུལ་དགོས་པ་དང་། མཉམ་འབྲེལ་རྒྱལ་ཁབ་ནང་བོད་དོན་གླེང་སློང་བྱས་ནས། ཕྱི་ལོ་༡༩༥༠ ནང་རྒྱ་གར་གྱིིས་བོད་ཐོག་ནོར་འཁྲུལ་ཤོར་བ་དེ་ཡོ་བསྲང་བྱེད་དགོས་པའི་རེ་སྐུལ་ཞུས་འདུག 

དེ་ཡང་བློན་ཆེན་ཁོང་གིས་༧གོང་ས་མཆོག་ནི་འཛམ་གླིང་ནང་ཆེས་གུས་བརྩི་བྱེད་ཡུལ་གྱི་ཆོས་ལུགས་དབུ་ཁྲིད་དེ་ཡིན་པ་དང་། ཁོང་གིས་རྒྱུན་དུ་རྒྱ་གར་ནི་ཁོང་གི་དགེ་རྒན་ཡིན་སྐོར་གསུངས་བཞིན་ཡོད་པས། རྒྱ་གར་གྱིས་༧གོང་ས་མཆོག་ལ་ཆེས་མཐོའི་མི་སེར་གཟེངས་རྟགས་ཕུལ་ནས་ཆེ་བསྟོད་གནང་ཚེ། དེ་ནི་རྒྱ་གར་ལ་ཡང་ཆེ་བསྟོད་ཐོབ་རྒྱུ་ཡིན་པས། གཟེངས་རྟགས་དེ་འབུལ་དགོས་པའི་རེ་སྐུལ་ཞུས་འདུག 

དེ་བཞིན་ཁོང་གིས་ཕྱི་ལོ་༡༩༥༠ ཡི་ནང་དུ་སྐབས་དེའི་ཀོང་རི་སེ་སྲིད་གཞུང་གིས་རྒྱ་ནག་ལ་བོད་བཙན་བཟུང་བྱེད་དུ་བཅུག་པ་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་དང་། སྐབས་དེར་གལ་ཏེ་རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཁབ་ནང་བོད་དོན་གླེང་སློང་བྱས་ཡོད་ཚེ། རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་ལྷག་པར་དུ་ཨ་རི་ནས་རྒྱབ་སྐྱོར་ཆེན་པོ་ཐོབ་ངེས་པ་ཡིན་པ་དང་། རྒྱ་གར་གྱིས་རྒྱ་ནག་དང་ས་མཚམས་མཉམ་སྤྱོད་བྱེད་དགོས་པ་ཆགས་མེད། འཛམ་གླིང་ཡོངས་ལ་རྒྱ་ནག་ནི་ཉེན་ཚབས་ཤིག་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་གིས་རྒྱ་གར་གྱི་ལ་དྭགས་ཁུལ་དུ་བཙན་འཛུལ་བྱེད་ཐབས་བྱས་ཡོད་པས་རྒྱ་གར་ལ་ཉེན་ཚབས་ཆེ་ཤོས་འཕྲད་ཀྱི་ཡོད་པས། དེང་གི་ཆར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་རྒྱ་ནག་གཅིག་པུ་ཁེར་རྐྱང་ལྷག་ཡོད་པས། ཕྱི་ལོ་༡༩༥༠ ལོར་རྒྱ་གར་གྱིས་བོད་ཐོག་ནོར་འཁྲུལ་ཤོར་བ་དེ་ཡོ་བསྲང་བྱེད་པའི་གོ་སྐབས་ཐོབ་ཡོད། དེ་བཞིན་དེ་ནི་རྒྱལ་སྤྱིའི་ནས་རྒྱ་ནག་ཟུར་དུ་འབུད་པའི་གོ་སྐབས་ཡག་ཤོས་ཡིན་སྐོར་བརྗོད་འདུག 

འདས་པའི་ནང་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། སྲིད་དོན་པ་སོགས་ནས་༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་འབུལ་དགོས་པའི་རེ་འདུན་འདོན་མཁན་མང་པོ་བྱུང་ཡོད་པ་དང་། ཉེ་ཆར་ཟླ་༩ པའི་ནང་ལ་དྭགས་ནང་པའི་ལྷན་ཚོགས་ཀྱིས་རྒྱ་གར་གྱི་སྲིད་བློན་མཱོ་རྡི་ལ། ༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གཟེངས་རྟགས་འབུལ་དགོས་པའི་རེ་སྐུལ་བྱས་འདུག 

གཟེངས་རྟགས་དེ་ཕྱི་ལོ་༡༩༥༤ ལོ་ནས་འགོ་བཙུགས་ཡོད་འདུག་པ་དང་། རྒྱལ་ཁབ་ཀྱི་སྲིད་བློན་གྱིས་གཟེངས་རྟགས་དེ་གནང་ཡུལ་མིང་ཐོ་མང་མཐར་གསུམ་ཞིག་ངོ་སྤྲོད་རྒྱབ་གཉེར་བྱས་ཏེ་སྲིད་འཛིན་ལ་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་འདུག ཐོག་མར་གཟེངས་རྟགས་དེ་རྒྱ་གར་གྱི་མི་སེར་གཅིག་པུར་གནང་གི་ཡོད་འདུག་ཀྱང་། ཕྱིས་སུ་མི་སེར་མིན་པ་རྣམས་ལ་ཡང་གནང་རྒྱུ་ཡོད་པ་ཆགས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།