བྷི་ཇེ་བྷི་ཧི་མ་ཅལ་གྱི་འོས་བསྡུ་ནང་ཕམ་ཡང་གྷུ་ཇུ་ར་ཏཱེ་ནང་རྒྱལ་ཁ་ཆེན་པོ་ཐོབ་འདུག
རྒྱ་གར་དབུས་གཞུང་འཛིན་སྲིད་དོན་ཚོགས་པ་དང་ཧི་མ་ཅལ་མངའ་སྡེའི་གཞུང་འཛིན་སྲིད་དོན་ཚོགས་པ་བྷི་ཇེ་བྷི་ལ། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འོས་བསྡུར་ཕམ་ཁ་བྱུང་འདུག་ཀྱང་། གནད་འགག་ཆེ་བའི་གྷུ་ཇུ་ར་ཏཱེ་མངའ་སྡེའི་གྲོས་ཚོགས་འོས་བསྡུར་རྒྱལ་ཁ་ཆེན་པོ་ཐོབ་འདུག
དེ་ཡང་ཟླ་༡༢ པའི་ཚེས་༨ ཉིན་ཧི་མ་ཅལ་མངའ་སྡེ་དང་གྷུ་ཇུ་ར་ཏཱེ་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་འོས་གྲངས་རྩིས་བཤེར་བྱས་ཡོད་པ་དང་། གྲུབ་དོན་དུ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འོས་བསྡུར་ཕྱོགས་འགལ་སྲིད་དོན་ཚོགས་པ་ཀོང་རེ་སཱིར་རྐུབ་སྟེགས་གྲངས་༤༠ ཐོབ་ནས་མང་མོས་ཀྱི་དགོས་ངེས་རྐུབ་སྟེགས་གྲངས་༣༥ ལས་བརྒལ་ནས་རྒྱལ་ཁ་ཐོབ་ཡོད་པ་དང་། གྲོས་ཚོགས་ཀྱི་ཁྱོན་བསྡོམས་རྐུབ་སྟེགས་གྲངས་༦༨ ནས་བྷི་ཇེ་བྷི་སྲིད་དོན་ཚོགས་པར་རྐུབ་སྟེགས་གྲངས་༢༥ ཐོབ་ནས་ཕམ་ཁ་བྱུང་འདུག
སྤྱིར་བཏང་འདས་པའི་ལོ་ངོ་༣༧ གྱི་རིང་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འོས་བསྡུར། གཞུང་འཛིན་སྲིད་དོན་ཚོགས་པ་ཞིག་ལ་རྒྱལ་ཁ་བསྐྱར་དུ་ཐོབ་པ་བྱུང་མྱོང་མེད་འདུག་པས། ཐེངས་འདིར་ཡང་གཞུང་འཛིན་སྲིད་དོན་ཚོགས་པ་བྷི་ཇེ་བྷི་ལ་ཕམ་ཁ་བྱུང་ནས། ཕྱོགས་འགལ་སྲིད་དོན་ཚོགས་པ་ཀོང་རེ་སཱིར་རྒྱལ་ཁ་ཐོབ་པ་བྱུང་འདུག
དེ་བཞིན་རྒྱ་གར་ནང་གནད་འགག་ཆེ་བའི་མངའ་སྡེ་གྷུ་ཇུ་ར་ཏཱེའི་མངའ་སྡེའི་གྲོས་ཚོགས་འོས་བསྡུར། གཞུང་འཛིན་བྷི་ཇེ་བྷི་སྲིད་དོན་ཚོགས་པར་གྲོས་ཚོགས་ཀྱི་རྐུབ་སྟེགས་གྲངས་༡༨༢ ནས་རྐུབ་སྟེགས་གྲངས་༡༥༦ ཐོབ་ནས་རྒྱལ་ཁ་ཆེན་པོ་ཐོབ་འདུག ཕྱོགས་འགལ་སྲིད་དོན་ཚོགས་པ་ཀོང་རེ་སཱེ་ལ་རྐུབ་སྟེགས་གྲངས་༡༧ མ་གཏོགས་ཐོབ་མེད་ཁར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་པན་ཇབ་མངའ་སྡེའི་གཞུང་འཛིན་སྲིད་དོན་ཚོགས་པ་ཨམ་ཨ་ཌེ་མཱི་སྲིད་དོན་ཚོགས་པར་རྐུབ་སྟེགས་གྲངས་༥ ཐོབ་ཡོད་པ་རེད་འདུག
ཕྱི་ལོ་༡༩༩༥ ལོ་ནས་ད་བར་གྷུ་ཇུ་ར་ཏཱེ་མངའ་སྡེའི་གྲོས་ཚོགས་འོས་བསྡུར་བྷི་ཇེ་བྷི་ཕམ་མྱོང་མེད་པ་རེད་འདུག
ཐེངས་འདིའི་གྷུ་ཇུ་ར་ཏཱེ་མངའ་སྡེའི་གྲོས་ཚོགས་འོས་བསྡུ་དེ་བྷི་ཇེ་བྷི་སྲིད་དོན་ཚོགས་པ་དང་སྲིད་བློན་མཱོ་རྡི་ལ་ཤིན་ཏུ་གལ་ཆེན་ཆགས་ཀྱི་ཡོད་འདུག་པས། སྲིད་བློན་མཱོ་རྡི་ནས་ཐེངས་འདིའི་འོས་བསྡུའི་ཆེད་དུ་དྲིལ་བསྒྲགས་ལས་འགུལ་མི་འདྲ་བ་༣༠ ལས་མང་བར་གཏམ་བཤད་གནང་འདུག དེ་བཞིན་ཕྱི་ལོ་༢༠༢༤ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་དབུས་གྲོས་ཚོགས་འོས་བསྡུ་སླེབས་ཉེ་བ་དང་བསྟུན། གྷུ་ཇུ་ར་ཏཱེ་ལྟ་བུའི་མངའ་སྡེ་གནད་འགག་ཅན་གྱི་མངའ་སྡེའི་གྲོས་ཚོགས་འོས་བསྡུར་རྒྱལ་ཁ་ཆེན་པོ་ཐོབ་པ་དེས། བྷི་ཇེ་བྷི་ལ་གདེང་ཚོད་ཆེན་པོ་སྤྲོད་རྒྱུ་ཡིན་འདུག
ཨམ་ཨ་ཌེ་མཱི་སྲིད་དོན་ཚོགས་པར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འོས་བསྡུར་རྐུབ་སྟེགས་གཅིག་ཀྱང་ཐོབ་མེད་ཀྱང་། གྷུ་ཇུ་ར་ཏཱེ་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་ནང་རྐུབ་སྟེགས་གྲངས་༥ ཐོབ་འདུག སྲིད་དོན་ཚོགས་པ་དེས་བྷི་ཇེ་བྷི་སྲིད་དོན་ཚོགས་པའི་རྐུབ་སྟེགས་བླངས་ཐུབ་མེད་ཀྱང་། ཀོང་རེ་སཱི་སྲིད་དོན་ཚོགས་པའི་རྐུབ་སྟེགས་བླངས་ཐུབ་འདུག་པས། སྲིད་དོན་ཚོགས་པ་དེ་ག་ལེར་རྒྱ་གར་རྒྱལ་ཡོངས་ཀྱི་སྲིད་དོན་ཚོགས་པ་ཞིག་ཆགས་བཞིན་ཡོད་འདུག དེ་བཞིན་ཉེ་ཆར་རྒྱ་གར་རྒྱལ་ས་ལྡི་ལིའི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུར་ཨམ་ཨ་ཌེ་མཱི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ནས། ལོ་ངོ་༡༥ ཡི་རིང་བྷི་ཇེ་བྷི་སྲིད་དོན་ཚོགས་པའི་དབང་ཤུགས་དེ་མཇུག་བསྒྲིལ་ཡོད་འདུག ཉེ་ཆར་ཉམས་ཞིབ་ལྟེ་གནས་ཁང་ཞིག་གིས་སྤེལ་བའི་སྙན་ཐོའི་ནང་དུ། གྲོང་ཁྱེར་དང་གྲོང་སྡེ་༢༠༠ ལས་མང་བའི་ནང་དུ་ཨམ་ཨ་ཌེ་མཱི་སྲིད་དོན་ཚོགས་པ་དེ་ཉིད་བྷི་ཇི་བྷི་ཡི་ཁ་གཏད་སྲིད་དོན་ཚོགས་པ་གཙོ་བོ་དང་གདམ་ག་གཞན་ལ་ངོས་འཛིན་ཐོབ་བཞིན་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
