མཁན་པོ་དཀར་ཚེ་གློད་གྲོལ་ཐོབ་འདུག
ཁམས་ཡུལ་ཤུལ་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་དཀར་ཚེ་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་དུས་ཡུན་རྫོགས་ཏེ་། ཁྲིན་ཏུའུ་ཡི་བཙོན་ཁང་ཞིག་ནས་ཀློད་གྲོལ་བཏང་ཡོད་ཀྱང་། དགོན་པར་འགྲོ་མ་བཅུག་པར་ཡུལ་ཤུལ་ཁུལ་གྱི་འབྲེལ་ཡོད་ཅིག་གི་ནང་སྡོད་དུ་བཅུག་ནས། མུ་མཐུད་ལྟ་ཞིབ་འོག་ཡོད་འདུག
དེ་ཡང་ཕྱི་ལོ་༢༠༡༣ ཟླ་༡༢ ཚེས་༦ ཉིན་ཁྲིན་ཏུའུ་གྲོང་ཁྱེར་ནས་མཁན་པོ་དཀར་ཚེ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ས་གནས་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོས་ཞི་བའི་ངོ་རྒོལ་བྱས་ཏེ་ཁོང་ལ་ནག་ཉེས་གང་ཡང་མེད་སྟབས་མྱུར་ཏུ་གློད་གྲོལ་གཏོང་དགོས་པའི་རེ་སྐུལ་བྱས་ཡོད་ཀྱང་། ཁོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་ཡོད་པའི་ཉེས་མིང་བཏགས་ནས། ཆབ་མདོ་ས་ཁུལ་གྱི་ཁྲིམས་ཁང་ཞིག་གིས་གསང་བའི་ཐོག་ནས་ལོ་གཉིས་དང་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
འདི་ལོའི་ཟླ་༦ ཚེས་༤ཉིན། ཁོང་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཁྲིན་ཏུའུ་ཡི་བཙོན་ཁང་ཞིག་ནས་ཀློད་གྲོལ་བཏང་ཡོད་ཀྱང་། དགོན་པར་ཕེབས་མ་བཅུག་པར་ཡུལ་ཤུལ་ཁུལ་གྱི་འབྲེལ་ཡོད་ཅིག་གི་ནང་ལྟ་ཞིབ་འོག་བཞག་ཡོད་འདུག
སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་དུ་མཁན་པོས་རང་ཉིད་ཀྱི་པར་དང་མཉམ་འཕྲིན་ཐུང་ཞིག་སྤེལ་ཡོད་པའི་ནང་། “ང་སླར་ཡང་མི་ཡུལ་དུ་ཐོན་ཡོད། སྙིང་ཉེ་བའི་ཁྱེད་ཅག་གི་ཐུགས་ཁུར་དང་གདུང་སེམས། རྒྱབ་སྐྱོར་དང་སྨོན་འདུན་གྲངས་མེད་ཀྱིས་ང་སླར་ཡང་མི་ཡུལ་དུ་བསླེབས་ཡོད། ཞེན་དྲག་པའི་འགན་འཁྲི་དེ་དག་གི་ཆེད་དུ། བགྲོད་མ་ཚར་བའི་ལམ་བུ་དེ་དག་གི་ཆེད་དུ། མི་ཡུལ་གྱི་སྤྱི་ཆོས་དང་ལྷ་ཡུལ་གྱི་སྒེར་ཆོས་དེ་དག་གི་ཆེད་དུ། ལུས་ཕུང་བདེ་ཐང་དང་སེམས་ཁམས་དྭངས་གསལ་ངང་ང་སླར་ཡང་མི་ཡུལ་དུ་ཐོན་ཡོད། དཀོན་མཆོག་མཁྱེན། ང་ཚོའི་འཇིགས་རྟེན་ལ་རང་དབང་གི་འོད་སྣང་འཕྲོ་བར་ཤོག ”ཅེས་འཁོད་འདུག།
གསར་འགོད་པ་སྐལ་བཟང་དོན་གྲུབ།
